སུད་སི་བློན་ཆེན་ནས་བོད་དོན་གྲོས་མོལ་བརྒྱུད་དོན་འབྲས་སོན་རེ།

སུད་སི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ནས་དོན་འབྲས་སོན་པ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་འདུག

༄༅༎སུད་སི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ནས་དོན་འབྲས་སོན་པ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུང་བཞག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་འཁོད་གནང་བའི་ནང་ཉེ་ཆར་སུད་སི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁང་གིས་སུད་སིའི་ཕྱི་སྲིད་དཔོན་རིགས་དང་མཇལ་འཛོམས་ཤིག་གོ་སྒྲིག་གནང་ཡོད་པ་དང་དེའི་སྐབས་སུད་སིའི་ཕྱི་འབྲེལ་བློན་ཆེན་ལྕམ་མི་ཤེ་ལིན་ཁེལ་མི་རཱེ་མཆོག་ནས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་སྐད་རིགས་གཅེས་སྐྱོངས་བྱེད་ཡས་དེ་ནི་བོད་མི་ཆོས་སེམས་འཚབ་ཆེ་སའི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་དང་དེ་ནི་བོད་མི་ཚོས་གྲོས་མོལ་གྱི་བརྗོད་གཞི་གཙོ་བོར་རྩིས་ནས་འབྲས་བུ་ཐོན་པའི་རེ་བ་བྱེད་ཀྱི་ཡོད་ཅིང་སུད་སི་གཞུང་གིས་བོད་ཀྱི་དཀའ་གནད་དེ་བཞིན་ཞི་བའི་ཐབས་ལམ་ཐོག་ནས་སེལ་རྒྱུའི་དགོངས་གཞི་ཐོག་མ་ནས་འཛིན་མུས་ཡིན་པའི་སྐོར་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ཚོགས་པའི་རྒྱ་ནག་དང་ཡོ་རོབ་དབས་ཕན་ཚུན་གོ་རྟོག་སྤེལ་རེས་ཞེས་པའི་ཐོག་གླེང་གནང་བའི་སྐོར་གསུང་ཡོད་པ་དང་སུད་སི་ཕྱི་སྲིད་བློན་ཆེན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་ད་ལོ་ཕྱི་ཟླ་བཅུ་པའི་ནང་འབྲེལ་མོལ་བསྐྱར་དུ་གནང་རྒྱུར་སུད་སི་གཞུང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་ནས་ཞུ་རྒྱུ་ཡིན་པ་གསུང་བཞག་ལ་ཕྱི་སྲིད་བློན་ཆེན་མཆོག་ནས་ཕྱོགས་གཉིས་དབར་གྲོས་མོལ་གནང་བའི་སྐབས་བོད་མི་ཚོས་སེམས་འཚབ་ཆེ་ཤོས་དང་གལ་འགངས་ཆེ་ཤོས་སུ་རྩིས་ཀྱི་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་རིགས་གསུམ་གྲོས་མོལ་གྱི་བརྗོད་གཞི་གཙོ་བོར་བཏོན་གནང་ཏེ་དེའི་ཐོག་གྲོས་མོལ་གནང་ནས་འབྲས་བུ་ཐོན་པ་ཞིག་ཡོང་རྒྱུའི་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་གསུང་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org