འབར་མའི་ལྕམ་སུའུ་ཅིས་ཕྱི་རྒྱལ་དུ་འཚམས་གཟིགས་ཕེབས་འཆར།
འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུའུ་ཅིས་་ལོ་རྒྱུས་རང་བཞིན་ལྡན་པའི་ཕྱི་རྒྱལ་ཡུལ་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག
-
2012-04-18 -
-
-
༄༅།།ནོར་ལྦེའི་ཕྱི་སྲིད་ལས་ཁང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུའུ་ཅི་་ད་ལོ་ཕྱི་ཟླ་དྲུག་པའི་ནང་ནོར་ལྦེའི་རྒྱལ་ས་ཨོསི་ལོའོ་རུ་འཚམས་གཟིགས་སུ་ཕེབས་རྒྱུ་གཏན་འཁེལ་བའི་སྐོར་ཕྱིར་བསྒྲགས་གནང་རྗེས་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་ཡོད་དཔོན་རིགས་ནས་ལྕམ་ཨང་སང་སུའུ་ཅི་ནོར་ལྦེའི་རྒྱལ་ས་ཨོསི་ལོའོ་རུ་འཚམས་གཟིགས་གནང་བའི་སྐབས་གྲོང་ཁྱེར་དེའི་ཚོགས་ཁང་ངམ་ ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་སྤེལ་སར་གསུང་བཤད་གནང་རྒྱུའི་འཆར་གཞི་ཡོད་པ་གཟའ་ལྷག་པའི་ཉིན་ཕར་རན་སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཡིན་ནའི་འབར་མའི་དཔོན་རིགས་ཀྱིས་གཟའ་ལྷག་པའི་ཉིན་བརྗོད་དོན་ལྟར་ན་ལྕམ་ཨང་སང་སུའུ་ཅི་ཡིས་ཕྱིར་བསྐྱོད་ལག་འཁྱེར་ཐོབ་རྒྱུའི་སྙན་ཞུ་ཕུལ་ཡོད་ཀྱང་ད་ལྟའི་ཆར་ཕྱིར་བསྐྱོད་ལག་འཁྱེར་ཐོབ་མིན་ཁས་ལེན་ནས་བརྗོད་ཐུབ་ཐབས་མེད་ལུགས་བཤད་ཡོད་འདུག ལྕམ་ཨང་སང་སུའུ་ཅིར་༡༩༩༡ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་སྐབས་དེ་དུས་ཁོང་འབར་མ་དྲག་པོའི་གཞུང་གིས་བཟང་བཙོན་དུ་བཅུག་ནས་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཕེབས་ཐུབ་མེད་པ་དང་ ལྕམ་ཨང་སང་སུའུ་ཅི་ཡིས་འབར་མ་དེ་བཞིན་དམངས་གཙོའི་ལམ་དུ་བསྐྱོད་ཐུབ་རྒྱུའི་ཆེད་འདས་པའི་ལོ་ངོ་ཉི་ཤུ་ལྷག་ནང་གི་དུས་ཚོད་མང་ཆེ་བ་དྲག་པོའི་གཞུང་གིས་བཙོན་འཇུག་དང་བཟང་བཙོན་འོག་བཞུགས་ཡོད་པ་དང་ ད་རེས་ལྩམ་ཨང་སང་སུའུ་ཅི་་ནོར་ལྦེ་ཡུལ་དུ་འཚམས་གཟིགས་སུ་ཕེབས་ཐུབ་ཚེ་དེ་ནི་འདས་པའི་ལོ་ངོ་ཉི་ཤུ་རྩ་བཞིའི་རིང་ཁོང་ཕྱི་རྒྱལ་ཡུལ་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་ལྕམ་ཨང་སང་སུའུ་ཅི་་ད་ལོ་ནོར་ཝེལ་དུ་སྤྱི་ཟླ་དྲུག་པ་ཙམ་དུ་ཕེབས་རྒྱུ་ཡིན་པ་ནོར་ཝེལ་ཕྱི་སྲིད་ལས་ཁང་གིས་ཕྱིར་བསྒྲགས་གནང་བ་ལས་དུས་ཚོད་དང་ས་ཆ་གཞན་གང་དུ་ཕེབས་མིན་གྱི་ཞིབ་ཕྲའི་འཆར་གཞི་ད་ལྟའི་ཆར་གཏན་འཁེལ་བྱུང་མེད་པ་རེད་