ཐེ་ལྦན་ནང་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་༥བརྒྱབ་པ།
དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་ནང་དུ་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་ལྔ་རྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག
-
2011-10-30 -
-
-
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་ནང་དུ་ས་ཡོམ་འགུལ་ཚད་༦ དང་གྲངས་ཆུང་ལྔ་རྒྱབ་ཡོད་པ་དང༌། ད་ལྟའི་འཆར་རྒྱལ་ས་ཐའེ་ཕེ་ནང་གི་ཁང་པ་གཡོ་འགུལ་ཐེབས་པའི་གནས་ཚུལ་ལས་གནོད་སྐྱོན་བྱུང་བ་དང། རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།
དེ་ཡང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་དེ་རིང་ཐེ་ལྦན་གྱི་བྱང་ཤར་ཁུལ་དུ་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུང་ལྔ་བརྒྱབ་པ་གསུང་གི་ཡོད་པ་དང༌། འོན་ཀྱང་རྒྱ་ནག་གི་ཤིང་ཧྰ་གསར་ཤོག་ཐོག་ལ་འགུལ་ཚད་ལྔ་དང་གྲངས་བདུན་རྒྱབ་པའི་གནས་ཚུལ་བཀོད་ཡོད་ཅིང༌། ཐེ་ལྦན་གྱི་ས་ཡོམ་རྟགས་ཞིབ་ལས་ཁང་གིས་གསུངས་ན། ཐེ་ལྦན་གྱི་རྒྱ་མཚོའི་གཏིང་དུ་ས་ཡོམ་རྒྱབ་པ་དེ་ནི། ཐེ་ལྦན་ས་གནས་ཀྱི་ཚོུད་༡༡ དང་སྐར་མ་༢༣ ཐོག་ཐེ་ལྦན་གྱི་ཤར་ཕྱོགས་སུ་ཀི་ལོ་མི་ཊར་༡༤༡ ལྷག་ཙམ་གྱི་མཚམས་སུ་ཡོད་པའི་བྱང་ཕྱོགས་གྲོང་ཁྱེར་ཀི་ལུང་དུ་གཏིང་ཚད་ཀི་ལོ་མི་ཊར་༢༢༡ ལྷག་ཙམ་རྒྱབ་ཡོད་པ་དང༌། ས་ཡོམ་དེ་ཡིས་གླིང་ཕྲན་ཁྱོན་ཡོངས་དང་རྒྱལ་ས་ཐའེ་ཕེ་ནང་གཡོ་འགུལ་ཐེབས་ཡོད་པ་རེད། འོན་ཀྱང་ཐེ་ལྦན་རྒྱལ་ཡོངས་མེ་གསོད་རུ་ཁག་གིས། ད་རེས་ཀྱི་རང་འབྱུང་ས་ཡོམ་གྱི་གནོད་འཚེ་དེའི་ཐོག་ནས་མི་ཤི་སྐྱོན་ཆག་དང་གནོད་སྐྱོན་གང་ཡང་བྱུང་མེད་པ་གསུང་ཡོད་པ་རེད།
ཐེ་ལྦན་ནི་རྒྱུན་དུ་ནས་ས་ཡོམ་གྱི་གནོད་འཚེ་ཡང་སེ་ཡོང་གི་ཡོད་པ་དང༌། ཕྱི་ལོ་༡༩༩༩ ལོའི་ཕྱི་ཟླ་དགུ་པའི་ནང་ཐེ་ལྦན་ནང་དུ་ས་ཡོམ་འགུལ་ཚད་༧ དང་གྲངས་ཆུང་༦ རྒྱབ་སྟེ་མི་དམངས་ཉིས་སྟོང་བཞི་བརྒྱ་ཙམ་རྐྱེན་འདས་སུ་ཕྱིན་པ་དེ་ནི། ཐེ་ལྦན་གྱི་ཉེ་རབས་ཀྱི་ལོ་རྒྱུས་ནང་དུ་ས་ཡོམ་གྱི་གནོད་འཚེ་སྡུག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།