བོད་མི་བཅུ་དྲུག་ལ་བཅོན་འཇུག་གི་ཉེས་ཁྲིམས་བཅད་པ།

རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་བོད་མི་༡༦ལ་བཙོན་ཁྲིམས་ཀྱི་ཉེས་པ་བཅད་པ།

༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་བཞི་པའི་ཚེས་༢༦ ཉིན་ཁམས་བྲག་མགོའི་བོད་མི་༡༦ ལ་བཙོན་འཇུག་གི་ཉེས་ཐག་བཅད་བྱས་ཡོད་པ་དང༌། གཅིག་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་འདུག
འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣ཉིན་ཁམས་བྲག་མགོ་རྫོང་དུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་བྱ་སྤྱོད་ལ་ཞི་བའི་ངོ་རྒོལ་བྱས་པའི་སྐབས། རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་མཁན་བོད་མི་དེ་དག་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཡོན་ཏན་གཙོས་པའི་བོད་མི་མང་པོ་ཞིག་དམར་གསོད་བཏང་བ་དང༌། མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་ཁར།  ཟླ་བ་འདིའི་ཕྱི་ཚེས་༢༦ ཉིན་ལ་བོད་མི་བཅོ་ལྔར་ལོ་༡ ནས་༡༣ བར་བཙོན་འཇུག་གི་ཉེས་ཆད་བཏང་བ་དང་བསོད་ནམས་ལྷུན་གྲུབ་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་པ་རེད། གོང་གསལ་བོད་མི་༡༦ ལ་ཉེས་ཆད་ཐག་གཅོད་བྱས་པའི་ཁོངས་ནས་མི་བཅུ་ཡི་མིང་དང་ལོ། བཙོན་འཇུག་གི་ལོ་ཚད་ཐག་གཅོད་བྱས་པ་ཤེས་རྟོགས་བྱུང་ཡོད་པ་ལྟར། ཚེ་བཙོན་གྱི་ཉེས་ཆད་འཕོག་མཁན་བསོད་ནམས་ལྷུན་གྲུབ་ནི། དགུང་ལོ་༣༠ ཡིན་པ་དང༌། བཙོན་འཇུག་གི་ལོ་ཚད་བཟོས་པ་ནི། དགུང་ལོ་༢༠ ཡིན་པའི་ཀུན་ཐོག་ལ་ལོ་༡༣ བཙོན་འཇུག་གི་ཉེས་ཆད་བཏང་བ་དང༌། དགུང་ལོ་༣༠ ཡིན་པའི་ལྕགས་བྷེ་ལ་ལོ་༡༢   དགུང་ལོ་༣༠ ཡིན་པའི་ཀུན་གྲུབ་ལ་ལོ་༡༡  དགུང་ལོ་༣༠ ཡིན་པའི་དབང་ཆེན་ཚེ་རིང་ལ་ལོ་༩དང༌། དགུང་ལོ་༢༥ ཡིན་པའི་ཆོས་རྣམ་ལ་ལོ་༣། དགུང་ལོ་༥༠ ཡིན་པའི་ཨ་མཛེ་བཟོད་པ་ལ་ལོ་༣ དགུང་ལོ་༣༠ ཡིན་པའི་ཕུར་བུ་ཚེ་རིང་ལ་ལོ་༢  དགུང་ལོ་༢༠ ཡིན་པའི་དབང་ཚེ་ལ་ལོ་གཅིག་དང་ཟླ་བ་༩ དགུང་ལོ་༣༠ ཡིན་སྙན་གྲགས་ལ་ལོ་གཅིག་དང་ཟླ་བརྒྱད་སོ་སོར་རིམ་པ་བཞིན་ཐག་གཅོད་བྱས་ཡོད་པ་དང༌། ཡང་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་བདུན་ལ་ལོ་ལྔ་ནས་༡༣ བར་གྱི་བཙོན་འཇུག་ཉེས་ཆད་བཏང་བའི་ཁོངས་ནས། ཤེས་རྟོགས་བྱུང་བ་ནི། བསོད་ནམས་དར་རྒྱས་ལ་ལོ་བཅུ་དང༌། པདྨ་འོད་ཟེར་ལ་ལོ་༥ འི་ལོ་ཚད་བཟོས་ཡོད་པ་ཡིན་ཞིང༌། ད་དུང་ཉེ་ཆར་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་གྱི་ངོ་རྒོལ་གྱི་ཟིང་ཆ་སློང་མཁན་གྱི་ཉེས་མིང་བཙུགས་ཏེ་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲིས་དར་རྒྱས་དང༌། རྣམ་རྒྱལ། མཚན་མི་ཤེས་པའི་དགེ་འདུན་པ་གཅིག་བཅས་ཁོང་གསུམ་འཛིན་བཟུང་བྱས་ཡོད་པ་དང༌། སྐུ་ཞབས་བཀྲིས་དར་རྒྱས་ནི། ད་ལྟ་སྨར་ཁམས་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང༌། དེ་མིན་བྲག་མགོ་དགོན་པའི་དགེ་འདུན་པ་༣༠ དགོན་པ་ནས་ཕྱིར་འབུད་བཏང་བ་མ་ཟད། མཚན་མི་ཤེས་པའི་དགུང་ལོ་བཅུ་བཞིར་སོན་པའི་དགེ་འདུན་པ་ཞིག་དགོན་པར་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org