སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཨ་མི་རི་ཀར་ཕེབས་རྒྱུ་ཡིན་པ།
སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་བྱང་ཨ་མི་རི་ཀའི་བོད་མི་སྤྱི་ཡོངས་ཀྱི་བརྟན་བཞུགས་བསྟར་འབུལ་ཐོག་མཉམ་ཞུགས་གནང་རྒྱུ་རེད།
-
2015-07-07 -
-
-
སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་བྱང་ཨ་མི་རི་ཀའི་བོད་མི་སྤྱི་ཡོངས་ཀྱི་བརྟན་བཞུགས་བསྟར་འབུལ་ཐོག་མཉམ་ཞུགས་གནང་རྒྱུ་རེད།
དེ་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་བསྟུན་ནས། ཟླ་བ་འདིའི་ཚེས་༩་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་གསུང་ཆོས་དང་། ཡང་ཚེས་༡༠ཉིན་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་མཐུན་ཚོགས་པ་སྤྱི་ཡོངས་ཀྱིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་ལྟར་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་མཉམ་ཞུགས་དང་། མི་མང་ལ་གཏམ་བཤད་གནང་ཆེད་རྡ་རམ་སཱ་ལ་ནས་ཕྱོགས་ཕེབས་གནང་ཡོད་པ་རེད།
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནང་གི་མཛད་འཆར་ཁག་འགྲུབ་རྗེས། ཇར་མན་ནང་ཕེབས་ནས་། དེ་རུ་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་ནང་མཉམ་ཞུགས་གནང་རྒྱུ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མུ་མཐུད་ཨ་རིའི་Seattle, Portlandགྲོང་ཁྱེར། རྒྱལ་ས་ཝ་ཤིན་ཀྲོན་སོགས་སུ་ཕྱོགས་བསྐྱོད་དང་། དེ་མིན་བྱང་ཁ་ལི་ཧྥོ་ནི་ཡའི་བོད་མིའི་སྤྱི་མཐུན་ཚོགས་པ་བཙུགས་ནས་ལོ་༢༥འཁོར་བའི་མཛད་སྒོར་མཉམ་ཞུགས་གནང་འཆར་འདུག
གསར་འགོད་པ་ལྕགས་མོ་འཚོ།