སྲིད་སྐྱོང་མཆོག་གིས་སུད་ཝེ་ཌན་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཞུང་དོན་ཕྱོགས་སྐྱོད་ཆེད་སུད་ཝེ་ཌན་གྱི་རྒྱལ་སར་ཕེབས་འབྱོར་གྱིས་གྲོས་ཚོགས་འཐུད་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བཞིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུད་ཝེ་ཌན་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཚུང་གི་ཚོགས་མི་(Margareta Cederfelt)་ལགས་དང་མཇལ་མོལ་སྐབས། ༢༠༢༢།༡༠།༡༧ CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཞུང་དོན་ཕྱོགས་སྐྱོད་ཆེད་སུད་ཝེ་ཌན་གྱི་རྒྱལ་སར་ཕེབས་འབྱོར་གྱིས་གྲོས་ཚོགས་འཐུད་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བཞིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་ཡོ་རོབ་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་འདྲི་གནང་བཞིན་ལྟར། ཉེ་བའི་ཉིན་ཤས་ནང་ཇར་མན་དང་སྦེལ་ཇམ་རྒྱལ་ཁབ་གཉིས་ཀྱི་ནང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་དང་ཚོགས་འདུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་ཚོགས་ཁག དེ་བཞིན་ས་གནས་བོད་མི་རྣམས་དང་ཐུགས་འཕྲད་གནང་རྒྱུ་སོགས་འགྲུབ་ནས། ཚེས་༡༦རེས་གཟའ་ཉི་མའི་ཉིན་སུད་ཝེ་ཌན་(Sweden)་རྒྱལ་ཁབ་ཀྱི་རྒྱལ་ས་(Stockholm)་དུ་ཕེབས་འབྱོར་གནང་ཡོད་པ་དང་། ཚེས་༡༧ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སུས་ཝེ་ཌན་གྲོས་ཚོགས་ནང་སུད་ཝེ་ཌན་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཚུང་གི་ཚོགས་མི་(Margareta Cederfelt)་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་དང་། སུད་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་རིན་ཆེན་མཚོ་མོ་ལགས། དེ་བཞིན་སུད་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་(Swedish Tibet Committee)་པའི་ཚོགས་གཙོ་སྐུ་ཞབས་(Mattias Bjornerstedt)་ལགས་བཅས་ལྷན་བཅར་ཞུས་ཡོད་འདུག


དེའི་རྗེས་སུད་ཝེ་ཌན་ནང་གི་(SOIR-IM)་ཚོགས་པའི་ཚོང་ལས་དབུ་འཛིན་ལྕམ་(Olena Ragozina)་ལགས་དང་ལྷན་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་གནང་བ་དང་། གསར་འགོད་པར་མཇལ་འཕྲད་དང་བཅར་འདྲིར་ལན་འདེབས། སུད་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་། ས་གནས་བོད་རིགས་གཞོན་སྐྱེས། མི་མང་ཁག་ཅིག་བཅས་འདུ་འཛོམས་ཐོག་བོད་དོན་གཏམ་བཤད་གནང་ཡོད་པ་རེད།


སྲིད་སྐྱོང་མཆོག་གིས་སུད་ཝེ་ཌན་རྒྱལ་ཁབ་ནང་ཉིན་གཉིས་རིང་གི་གཞུང་དོན་ལས་རིམ་ཁག་བསྐྱངས་རྗེས། རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org