སྲིད་སྐྱོང་མཆོག་གིས་ལ་དྭགས་ཁུལ་དུ་འཚམས་གཟིགས་གནང་བཞིན་པ་དང་དེའི་རྗེས་ཨ་མི་རི་ཀར་ཕྱོགས་ཕེབས་གནང་གཏན་འཁེལ་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལ་དྭགས་ས་གནས་སུ་འཚམས་གཟིགས་གནང་བཞིན་པ་དང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་སློབ་རྣམས་ལ་བོད་དོན་གསུང་བཤད་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ། ༠༧།༠༩།༢༠༢༤ འཕྲིན་ལས་ཆོས་སྒྲོན། /RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཆེད་ཕྱི་ཟླ་༧པའི་ཚེས་༨ཉིན་ཕེབས་འབྱོར་གྱིས། སྲིད་སྐྱོང་མཆོག་གིས་རིམ་པས་ལ་དྭགས་ཡུལ་གྱི་རྒྱལ་བའི་ཕོ་བྲང་གཙོས་བོན་གྱི་དགོན་པ་ཚུད་པའི་བོད་པའི་དགོན་པ་ཁག་དང་། ལ་སྤྱི་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་། འཕྲོད་བསྟེན་སྨན་ཁང་། ལྕོག་ལམ་སར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། མཉམ་འབྲེལ་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། ལ་དྭགས་བོད་ཁྱིམ་སློབ་གྲྭ སྨན་བླ་དང་ཨག་གླིང་། ཡང་རྒན་གསོ་ཁང་། དེ་བཞིན་བྱང་ཐང་ཆུ་ཤུལ་དང་མ་གྱུ་འབྲོག་ས་ནས་གླེ་རྒྱལ་ས་ལ་འབབ་མཁན་གྱི་གྲོང་པ་ཁག་ལ་གཞིས་ཆགས་གསར་རྒྱག་གནང་བཞིན་པ་བཅས་ལ་འཚམས་གཟིགས་གནང་བཞིན་པ་དང་། ཚོགས་སྡེ་སོ་སོའི་ལས་ཀྱི་སྣེ་བོ་དང་ལྷན་མཇལ་མོལ་གྱིས་གཞིས་ཆགས་སྲ་བརྟན་ཚུགས་ཐབས་དང་། གཞིས་མིའི་བདེ་སྡུག་སྙན་སེང་ཇི་ཞུས་ཁག་ལ་རྒྱུས་ལོན་གསན་བཞེས་གནང་ཡོད། སྲིད་སྐྱོང་མཆོག་གིས་ཆུ་ཤུལ་དང་མ་ཁྱུ་གཞིས་ཆགས་གི་བོད་མི་རྣམས་ལ་མཇལ་འཕྲད་གནང་བའི་སྐབས། ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་མཉམ་བོད་པ་ནང་ཁུལ་འཆམ་མཐུན་བྱས་ནས་སྡོད་དགོས་པའི་གསུངས་བཤད་གནང་ཡོད་པ་རེད།


ཚེས་༩ཉིན་ལ་དྭགས་ཡུལ་གྱི་ས་གནས་ཁག་འདྲ་མིན་ནང་འཚམས་གཟིགས་རྗེས་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་སློབ་གྲྭའི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་སྐབས། བོད་དང་འབྲེལ་བའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཁག་དང་། ད་ལྟའི་བོད་ཀྱི་གནས་སྟངས་སོགས་ངོ་སྤྲོད་དང་། བོད་མི་རྣམས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་སྲོལ་བཟང་མི་ཉམས་པ་གནང་དགོས་བ་སོགས་གསུངས་ཡོད་པ་རེད།


སྲིད་སྐྱོང་མཆོག་གི་མཛད་འཆར་ལྟར་ན། སྤྱི་ཟླ་༧པའི་ཚེས་༡༦བར་ལ་དྭགས་གླེ་དང་བྱང་ཐང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་དང་། དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་དང་། མཛད་རིམ་གཞན་ཁག་གི་ཆེད་ཕྱི་ཟླ་༧པའི་ཚེས་༡༨ནས་ཟླ་༨ཚེས་༤བར་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org