སྲིད་སྐྱོང་མཆོག་འབུམ་སྡེ་ལར་ཕེབས་འབྱོར་སྐབས་ས་གནས་རྫོང་དཔོན་གྱིས་སྣེ་ལེན་ཕེབས་བསུ་གནང་འདུག

རྒྱལ་ཁབ་ཁག་ཅིག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྲུ་ཀྲིང་ས་གནས་མང་ཚོགས་ལ་གསུང་བཤད་གནང་སྐབས་གསུངས་འདུག

སྲིད་སྐྱོང་མཆོག་འབུམ་སྡེ་ལར། ༡༡།༠༩།༢༠༢༢ CTA

དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། འདི་ཚེས་༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་གཟིགས་ཞིབ་འགྲུབ་ནས། འབུམ་སྡེ་ལར་ཕེབས་འབྱོར་སྐབས། ནུབ་ཀ་མེང་རྫོང་དཔོན་སྐུ་ཞབས་ཀརྨ་ལེགས་སྐྱིད་ལགས་(Karma Leki, DC of West Kamang)་དང་། རྫོང་དཔོན་གཞོན་པ་སྐུ་ཞབས་གསང་མཁའ་འགྲོ་ལགས་(Sang Khandu, ADC) ཐུབ་མཆོག་དགའ་ཚལ་གླིང་དགོན་གྱི་མཁན་རིན་པོ་ཆེ། དེ་བཞིན་ནུབ་ཀ་མེང་རྫོང་(West Kemang District)་སྡེ་ཚན་ཁག་གི་འགན་འཛིན། ཁྱབ་ཁོངས་ས་གནས་གཞིས་མི་མང་ཚོགས་བཅས་ནས་སྣེ་ལེན་ཕེབས་བསུ་གནང་འདུག


སྲིད་སྐྱོང་མཆོག་བསྟན་འཛིན་སྒང་གཞིས་ཆགས་སུ་མ་ཕེབས་གོང་འདི་ཚེས་༧ཉིན། ཀྲུ་ཀྲིང་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པའི་མདུན་ཐང་དུ་ས་གནས་མང་ཚོགས་ལ་གསུང་བཤད་གནང་སྐབས། ཁོང་གིས་ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་ས་ཡོངས་སུ་རྫོགས་པ་བཙན་བཟུང་བྱས་རྗེས། བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ཀྱི་གནས་སྟངས་དང་། ༧གོང་ས་མཆོག་དབུས་པའི་རིས་མེད་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པའི་ཐུགས་རྗེའི་བཀའ་དྲིན་དང་། ལྷག་པར་དུ་རྒྱ་གར་དབུས་དང་ས་གནས་གཞུང་གཉིས་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། བོད་ཀྱི་གནད་དོན་ཐད་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་འཛམ་གླིང་ནང་བོད་ཀྱི་གནད་དོན་འགྲེལ་བརྗོད་བྱེད་རྒྱུར་འགྱུར་བ་ཕྲན་བུ་ཞིག་བཏང་ཡོད་པ་དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་ངོས་འཛིན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་དང་། དེང་སྐབས་རྒྱ་ནག་གི་སྟོབས་ཤུགས་འོག་རྒྱལ་ཁབ་ཁག་ཅིག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བཞིན་ཡོད་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་སྐོར་རྒྱལ་སྤྱིའི་ཐོག་ཡང་ནས་ཡང་དུ་འགྲེལ་བརྗོད་ལོག་པ་བྱེད་བཞིན་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་ལ་བོད་ཁྲིམས་མཐུན་གྱི་དབང་བསྒྱུར་བྱེད་རྒྱུའི་དབང་ཚད་མེད་པ་རྒྱ་ནག་གཞུང་གིས་ཤེས་ཀྱི་ཡོད་པས་རེད་ཅེས་གསུངས་གནང་འདུག


འདི་ཚེས་༨དང་༩བཅས་ཉིན་གཉིས་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བསྟན་འཛིན་སྒང་གཞིས་ཆགས་ཀྱི་འཚོ་རྟེན་ཀི་ཝི་དང་ཀུ་ཤུ་ཞིང་ཁའི་ཀུ་ཤུའི་འདེབས་ལས་ལས་གཞི་བཅས་ལ་གཟིགས་སྐོར་དང་དེ་ནས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་ཚོགས། མཉམ་འབྲེལ་ལས་ཁུངས། ས་འཐུས་ལས་ཁུངས་བཅས་སུ་འཚམས་གཟིགས་གནང་རྗེས། བསྟན་འཛིན་སྒང་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དང་། དེ་གའི་དགེ་ལས་སློབ་ཕྲུག་རྣམས་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་དངུལ་དང་དངོས་པོ་སྤྲད་ནས་བོད་པའི་སྤྱི་ཚོགས་དཀྲུག་རྒྱུའི་ཐབས་ཤེས་ཕྱོགས་གང་ས་ནས་བྱེད་བཞིན་ཡོད་དུས། ཚང་མས་དེའི་ཐོག་གཟབ་ནན་གནང་དགོས་པ་གསུངས་གནང་སོང་ལ། དེའི་རྗེས་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཐུག་འཕྲད་དང་གསུང་བཤད་གནང་ཡོད་འདུག
བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དེ་བཞིན་ཐོག་མར་ཕྱི་ལོ་༡༩༧༢ལོར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ནུབ་ཀ་མིང་རྫོང་ཁོངས་སུ་གསར་འཛུགས་གནང་ནས་གཞིས་གྲོང་ཁག་བཞི་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བཅས་ཡོད་འདུག བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་སུ་འབུམ་སྡེ་ལ་དང་། མོན་རྟ་དབང་། སྡེ་རང་། ཨེ་ཊ་ན་གྷར་དང་རུ་པ་བཅས་ས་གནས་ཁག་དྲུག་ཡོད་པ་དང་། བསྟན་འཛིན་སྒང་ནང་ཁྱོན་བོད་མི་༡༠༡༣དང་གཞན་ཁ་འཐོར་ས་གནས་སུ་བོད་མི་༥༥༢བཅས་ཁྱོན་ས་ཁུལ་འདིའི་ནང་བོད་མི་མི་འབོར་ ༡༥༠༠ལྷག་གནས་སྡོད་བྱེད་བཞིན་ཡོད་པ་རེད་འདུག
ད་ལྟ་གཞིས་ཆགས་ཆགས་སའི་ས་ཆ་དེ་ཡང་ཨ་རུ་ནཱ་ཅལ་ནང་གི་སྡོམ་ཁོ་ཟེར་བའི་མོན་པའི་མི་རིགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་དཀའ་ངལ་སེལ་ཐབས་སླད་ཕྱགས་རྟགས་ཀྱི་ཚུལ་དུ་ས་སྦྱིན་འབུལ་བ་ཞིག་རེད་འདུག་ལ། ས་ཆ་དེའི་རྒྱ་ཁྱོན་ཨེ་ཀར་༢༡༢༣་༣༦ཙམ་ཡོད་འདུག
བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དེ་བཞིན་བཙན་བྱོལ་ནང་གི་བོད་མིའི་གཞིས་ཆགས་གཞན་དང་བསྡུར་ན་གནས་སྟངས་ཧ་ཅང་གཞན་པོ་ཡོད་པ་དང་། གཞིས་མིའི་འཚོ་རྟེན་གཙོ་བོ་ནི་སོ་ནམ་ཞིང་ལས་དང་ཚོང་རྩག་རྩིག་རིག་གཉེར་ནས་འཚོ་བ་སྐྱེལ་བཞིན་ཡོད་འདུག
ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ནི། ཁོང་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཁུལ་དེར་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་དང་། རིམ་པས་འབུམ་སྡེ་ལ་དང་མོན་རྟ་དབང་། ལྡི་མ་པུར་དང་ཤེས་ལོང་བཅས་སུ་འཚམས་གཟིགས་དང་། ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org