སྲིད་སྐྱོང་མཆོག་གིས་བྱང་ཨ་མི་རི་ཀའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ནང་དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་པའི་ཚོགས་སྡེ་ཁག་ལ་གཟིགས་ཞིབ་གནང་བཞིན་འདུག

སྲིད་སྐྱོང་མཆོག་ཨ་རིའི་ཇོར་ཇེ་ཡ་(Georgia)་མངའ་སྡེའི་རྒྱལ་ས་ཨེཊ་ལན་ཊ་རུ། ༡༠།༡༤།༢༠༢༣ CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བྱང་ཨ་མི་རི་ཀའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། སྲིད་སྐྱོང་མཆོག་དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་ནང་གི་བོད་པའི་ཚོགས་སྡེ་ཁག་ལ་གཟིགས་ཞིབ་གནང་བཞིན་པ་དང་། ཟླ་འདིའི་ཕྱི་ཚེས་༡༤ཉིན་སྲིད་སྐྱོང་མཆོག་ཨ་རིའི་ཇོར་ཇེ་ཡ་(Georgia)་མངའ་སྡེའི་རྒྱལ་ས་ཨེཊ་ལན་ཊ་རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཨེཊ་ལན་ཊ་རུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་སུ། ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་སྐབས་༡༦པའི་བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་མཚམས་སྦྱོར་གནང་སྐབས། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་མཐུན་ལམ་དང་གཅིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐོག་ཧུར་ཐག་བྱ་གལ་ཆེ་སྐོར་སོཊ་གསུང་བཤད་དང་དྲི་བ་དྲིས་ལན་གནང་འདུག


ཚེས་༡༣ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་(New Mexico)་མངའ་སྡེའི་རྒྱལ་ས་སན་ཏྲ་ཧྥེ་དང་གྲོང་ཁྱེར་( Albuquerque)་བཅས་སུ་འཚམས་གཟིགས་དང་ཁུལ་དེའི་མི་མང་ལ་བཀའ་སློབ་གསུང་བཤད་གནང་འདུག
སྲིད་སྐྱོང་མཆོག་ཕྱི་ཚེས་༡༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་གནང་ནས་ཉིན་ཤས་རིང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། ཕྱི་སྲིད་ལས་ཁུངས་དང་། ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་། གཙུག་ལག་སློབ་ཆེན་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་འདུག་ལ། ཟླ་བ་འདིའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་(Rayburn House office Building)་ཀྱི་ཚོགས་ཁང་ཞིག་གི་ནང་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)་རྣམ་གཉིས་དབུ་བཞུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦འཁོར་བའི་དུས་དྲན་མཛད་སྒོ་འཚོགས་རྒྱུ་ཡིན་འདུག
ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་པ་དང་། སྤྱི་ཚེས་༡༩ཉིན་(George Mason)་གཙུག་ལག་སློབ་གྲྭ་ཆེན་མོ་རུ་བོད་དོན་གཏམ་བཤད་གནང་རྗེས་སྤྱི་ཚེས་༢༠ཉིན་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཐོན་གནང་རྒྱུའི་མཛད་འཆར་འདུག


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org