སྲིད་སྐྱོང་མཆོག་གིས་ནིའུ་ཛི་ལེན་ཌིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསར་ཁང་ཁག་ཅིག་གི་བཅར་འདྲི་དང་ལེན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཇལ་མོལ་གནང་བ་སོགས་ནིའུ་ཛི་ལེན་ཌིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ནིའུ་ཛི་ལེན་ཌིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ། ༠༦།༡༥།༢༠༢༣ CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནིའུ་ཛི་ལེན་ཌིའི་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་འབྱོར་ཡོད་པ་ལྟར། ཕྱི་ཚེས་༡༥ཉིན་རྒྱལ་ཁབ་དེའི་གསར་འགྱུར་ལས་ཁང་ཆེ་གྲས་ནིའུ་ཛི་ལེན་ཌི་གཞུང་གི་རྒྱལ་ཡོངས་རླུང་འཕྲིན་ཁང་དང་། དེ་བཞིན་ཡུལ་དེའི་ནང་ལྟ་ཀློག་མང་ཤོས་བྱེད་པའི་ཉིན་རེའི་གསར་ཤོག་(New Zealand Herald)་ཞེས་པའི་གསར་ཁང་གི་བཅར་འདྲི་དྭང་ལེན་གནང་པ་དང་། ས་གནས་བོད་མི་ཚོར་མཇལ་མོལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ལྷན་མཇལ་མོལ་དང་ཕེབས་བསུའི་གསོལ་སྟོན་ལ་ཞུགས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གནས་ཚུལ་ནང་སྲིད་སྐྱོང་མཆོག་གིས་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་(Auckland)་ཨོག་ལེན་ཌི་རུ་རྟེན་གཞི་བྱས་པའི་དཔལ་སྤུངས་ཆོས་ཚོགས་སུ་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་གནང་ནས་གསུང་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས་སྐབས་༡༦པའི་བཀའ་ཤག་གི་སྤྱི་ཡོངས་ཀྱི་དགོངས་པ་བཞེས་ཕྱོགས་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཞག་གིས་ཕྱག་ལས་གནང་བཞིན་ཡོད་པ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བརྟན་པོ་ཇི་ལྟར་བཟོ་ཐབས། གཞིས་ཆགས་རྒྱུན་གནས་ཐུབ་ཐབས་དང་བོད་མི་མི་ཉུང་བ་ཞིག་ལ་སྡོད་ཁང་གི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས། བོད་ནས་གསར་དུ་ཕེབས་མཁན་ཧ་ཅང་ཉུང་དུ་སོང་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་འདུག ད་དུང་སྲིད་སྐྱོང་མཆོག་གིས། སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་དང་། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ། ཨ་རིའི་གྲོས་ཚོགས་ནང་བཏོན་པའི་བོད་དོན་ཁྲིམས་འཆར་གསར་པ་ངོ་སྤྲོད་སོགས་གནང་བ་དང་མཉམ་མང་ཚོགས་ཀྱི་བསམ་འཆར་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།


གཞན་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་ཨོག་ལེན་ཌིར་རྟེན་གཞི་བྱས་པའི་ (Ellerslie War Memorial Hall)་ཞེས་པའི་ཚོགས་ཁང་ནང་། སྣེ་ལེན་ཕེབས་བསུའི་གསོལ་སྟོན་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་ཆབ་སྲིད་གནས་སྟངས། འཛམ་གླིང་ནང་རྒྱ་ནག་གི་གནོན་ཤུགས་ཇི་ལྟར་རྒྱ་སྐྱེད་བྱེད་བཞིན་པ་སོགས་གཏམ་བཤད་གནང་བ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་འདུག མཛད་སྒོའི་སྟེང་བོད་རིགས་མཐུན་ཚོགས་ནས་ཐུགས་རྗེ་ཆེ་ཞུའི་ཚུལ་དུ་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་འདུག
སྐབས་དེར་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་དང་། ནིའུ་ཛི་ལེན་ཌིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་པོ་(Ian Ravell)་ལགས་ཀྱིས་གསུང་བཤད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་(Friends of Tibet) བོད་ཕྲུག་རོགས་སྐྱོར་ཚོགས་པ། (Tibetan Children Relief Society) བོད་རྒྱ་མཛའ་འབྲེལ་ཚོགས་པ། (Chinese-Tibetan Friendship Association)་བཅས་ཀྱི་ཚོགས་མི་རྣམས་མཉམ་ཞུགས་ཀྱིས་སོ་སོའི་ཚོགས་པའི་སྐོར་ངོ་སྤྲོད་གནང་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ཏུ་ཕེབས་བསུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབང་འདུས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱི་ཚེས་༡༦ཉིན་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིའི་རྒྱལ་ས་(Wellington)་རུ་ཕེབས་ནས་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་མཇལ་འཕྲད་དང་བོད་དོན་སྐོར་གླེང་མོལ་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད་ལ། འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ནིའུ་ཛི་ལེན་ཌི་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་ཡིན་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org