སྲིད་སྐྱོང་མཆོག་གིས་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པར་འཚམས་འདྲི་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པར་འཚམས་འདྲི་གནང་ནས་མཛའ་འབྲེལ་སྲ་བརྟན་གཏོང་འདུན་ཡོད་པ་གསུངས་འདུག

རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པ་སྐུ་ཞབས་ཨི་རིག་གྷར་སི་ཊི་(Eric Garcetti)་ལགས། @USAmbIndia

རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པ་སྐུ་ཞབས་ཨི་རིག་གྷར་སི་ཊི་(Eric Garcetti)་ལགས་ཀྱིས་སྤྱི་ཟླ་ལྔ་བའི་ཚེས་༡༡ཉིན་ནས་ལས་འགན་འགོ་འཛུགས་གནང་ཡོད་པ་དང་། འདི་ཚེས་༢༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་འཚམས་འདྲི་གནང་འདུག
འཚམས་འཕྲིན་ནང་། ང་ཚོས་གོ་སྐབས་འདི་བརྒྱུད་ཨ་རི་གཞུང་དམངས་གཉིས་ཀྱིས་བོད་མིར་རྒྱབ་སྐྱོར་གཡོ་མེད་གནང་བ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ངོས་ནས་རྒྱ་གར་གཙོ་བོར་གྱུར་པའི་ལྷོ་ཨེ་ཤེ་ཡའི་ནང་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ཀྱི་བདེ་དོན་ཆེད་ཨ་རིའི་གཞུང་ཚབ་ཁང་དང་འབྲེལ་ལམ་ཇེ་ཉེར་གཏོང་རྒྱུ་མཚོན་པའི་སྐུ་ཉིད་ཀྱི་ཁྱད་དུ་འཕགས་པའི་དབུ་ཁྲིད་འོག་ང་ཚོའི་བར་གྱི་རྒྱུན་རིང་གི་མཛའ་འབྲེལ་སྲ་བརྟན་གཏོང་རྒྱུའི་རེ་འདོད་ཆེན་པོ་ཡོད། ཅེས་བཀོད་འདུག
དགུང་ལོ་༥༢ཡིན་པའི་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པ་སྐུ་ཞབས་ཨི་རིག་གྷར་སི་ཊི་(Eric Garcetti)་ལགས་ཀྱིས་དེ་སྔོན་༢༠༡༣་ནས་༢༠༢༢་བར་ལོ་ངོ་བཅུ་ཙམ་རིང་ཨ་རིའི་(Los Angeles)་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གནང་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org