སྲིད་སྐྱོང་མཆོག་དང་ཨོན་ཊེ་རེའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་དཀར་པོ་ཆེ་རྣམ་གཉིས་མཇལ་མོལ་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཁེ་ཎ་ཌའི་ཨོན་ཊེ་རེའོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་རྣམ་གཉིས་བོད་དོན་ཆེད་མཇལ་མོལ་གནང་འདུག
- 2022-05-09
-
-
-
འདི་ཚེས་༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ཨོན་ཊེ་རེའོ་(Ontario)་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་(Bhutila Karpoche)་ལགས་དང་ལྷན་མཇལ་མོལ་གནང་ཡོད་པ་དང་། མཇལ་མོལ་རྗེས་བུ་ཁྲིད་དཀར་པོ་ཆེ་ལགས་ཀྱིས་(twitter)་དྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཁེ་ཎ་ཌར་གཞུང་དོན་འཚམས་གཟིགས་ཐེངས་དང་པོ་ཕེབས་པ་དང་བསྟུན་ནས་བོད་མི་མང་པོ་གནས་ཡུལ་(Parkdale)་ས་གནས་སུ་སྣེ་ལེན་དང་མཇལ་མོལ་ཡག་པོ་བྱུང་བ་བྲིས་འདུག་ལ། སྲིད་སྐྱོང་མཆོག་གིས་(twitter)་དྲ་བར་བུ་ཁྲིད་དཀར་པོ་ཆེ་ལགས་ནི་བཙན་བྱོལ་བོད་མི་གཞོན་སྐྱེས་ཚོར་མིག་དཔེར་འོས་བའི་བུད་མེད་སྣེ་ཁྲིད་པ་བློ་སྤོབས་ལྡན་པ་ཞིག་ཡིན། ད་ཐེངས་བོད་དོན་ཆེད་མཇལ་མོལ་བྱུང་བར་དགའ་སྤོབས་བྱུང་བ་བྲིས་འདུག
དེའི་སྔོན་ཚེས་༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས། བོད་མིའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ནང་དུ། བོད་ཀྱི་སྐད་ཡིག་དང་ཟློས་གར་སློབ་གྲྭ་གཙོས་ས་གནས་ཀྱི་སློབ་ཕྲུག་དང་ཕ་མ་བཅས་ཁྱོན་མི་གྲངས་༢༠༠ལྷག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་ཉར་ཐད་གཏམ་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས་བུ་ཕྲུག་གི་དགེ་རྒན་དང་པོ་ཕ་མ་ཚོས་ཐུགས་འགན་གཙོ་བཞེས་གནང་བའི་ཐོག་བོད་ཀྱི་སྐད་དང་ཡི་གེ་བདག་ཉར་དེ་ཕ་མ་སོ་སོས་ནང་ནས་འགོ་འཛུགས་གལ་ཆེ་བ་གསུངས་ཡོད་པ་རེད།
སྐབས་དེར་སློབ་ཕྲུག་ཚོགས་ཆུང་གི་སློབ་མ་ཁག་ཅིག་གིས་བོད་ཀྱི་སྐད་ཡིག་འཛིན་གྲྭ་དང་འབྲེལ་བའི་སློབ་གཉེར་གང་གནང་བ་དང་། བྱེད་སྒོ་གང་གནང་བ་ངོ་སྤྲོད་དང་འབྲེལ་བོད་ཀྱི་གཞས་སྣ་ཞབས་བྲོ་ཁག་ཅིག་གཟིགས་འབུལ་ཞུས་གནང་སོང་།
དེ་ནས་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་བོད་དོན་གོ་བསྡུར་བགྲོ་གླེང་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་བོད་དོན་ཞུ་གཏུགས་སྐོར་ངོ་སྤྲོད་དང་འབྲེལ་གཞོན་སྐྱེས་ཚོས་ཆ་ཤས་མང་ཙམ་ལེན་དགོས་བའི་རེ་སྐུལ་གནང་ཡོད་པ་རེད།
དེའི་རྗེས་ཡང་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་གཅིག་དང་ལྷན་དུ་བོད་དོན་མཇལ་མོལ་གནང་བ་དང་། དགོང་མོ་ས་གནས་བོད་མི་ཚོས་ཕེབས་བསུའི་སྣེ་ལེན་གསོལ་སྟོན་བཤམ་ཡོད་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།