སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ཕྱི་འབྲེལ་ཚན་པ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ།
སྲིད་སྐྱོང་མཆོག་གིས་ཨོ་ཏྲ་ཝ་ནས་ཁེ་ཎ་ཌའི་ཕྱི་འབྲེལ་ཚན་པ་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་བཀའ་མོལ་གནང་འདུག
- 2022-05-05
-
-
-
འདི་ཚེས་༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ལགས་བཅས་ནས་ཁེ་ཎ་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་བཀའ་མོལ་གནང་བ་མ་ཟད། ཕྱི་འབྲེལ་ཚན་པ་ཁག་ཅིག་གི་སྐུ་ཚབ་དང་མཇལ་འཕྲད་དང་བོད་དོན་བཀའ་མོལ་གནང་ཡོད་པ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
མཇལ་མོལ་དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ཐེངས་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་འཇེ་ནི་ཁྲན་བཅས་དང་མཇལ་མོལ་གནང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་བཀའ་ཤག་གི་ཐབས་བྱུས་ཁག་ངོ་སྤྲོད་གནང་ནས་མ་འོངས་པར་རྒྱ་ནག་གི་འཁྱོག་བཤད་སྲིད་ཇུས་ལ་གདོང་ལེན་བྱེད་ཕྱོགས་དང་མཉམ་ལས་གནང་སྟངས་སོགས་ཀྱི་ཐད་བཀའ་མོལ་ཡག་པོ་བྱུང་བ་གསུངས་བྱུང་།
གཞན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས།
ད་ལྟའི་སྐབས་བཅུ་དྲུག་པའི་བཀའ་བཤག་གི་དགོངས་པ་བཞེས་ཕྱོགས་དང་། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་ངོས་ཟིན་ཐོབ་པའི་ཐོག་ནས་དབུ་མའི་ལམ་ལ་གདེང་འཇོག་དང་རྒྱབ་སྐྱོར་སྔར་ལྷག་ཡོང་སླད་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་ཚན་པ་ཁག་དང་མཉམ་བཀའ་མོལ་བྱུང་བ་གསུངས་བྱུང་།
མཇལ་མོལ་རྗེས་གྲོས་ཚོགས་ཀྱི་གསོལ་ཚིགས་ཁང་དུ་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Arif Varani)་ལགས་ནས་སྲིད་སྐྱོང་མཆོག་དང་ལྷན་ཁེ་ཎ་ཌ་དབུས་གྲོས་ཚོགས་ཀྱི་ནང་ཟབ་སྦྱོང་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་སློབ་ཕྲུག་བདུན་དང་ལྷན་དུ་དགོངས་ཚུལ་བརྗེ་རེས་དང་དྲི་བར་དྲིས་ལན་གནང་ཡོད་པ་དབུས་གྲོས་ཚོགས་ཀྱི་འཐུས་མི་(Arif Varani)་ལགས་ཀྱི་དྲུང་ཡིག་ཕུན་ཚོགས་དབང་མོ་ལགས་ནས་ངོ་སྤྲོད་གནང་བྱུང་།
ཉིན་དེའི་ཕྱི་དྲོ་ཨོ་ཏྲ་ལྦ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་བཅས་འབྲེལ་ཡོད་ཁག་གིས་སྲིད་སྐྱོང་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོར་སྣེ་ལེན་གསོལ་སྟོན་གནང་སྐབས་སྲིད་སྐྱོང་མཆོག་གིས་བོད་དོན་གཏམ་བཤད་དང་མི་མང་གི་དྲི་བར་དྲིས་ལན་བཅས་གནང་ཡོད་པ་རེད་འདུག
དེ་དང་མཉམ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་སྲིད་སྐྱོང་དང་མཉམ་ཁེ་ན་ཌར་ཆེད་ཕེབས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐད་ཞུ་འབོད་གནང་པར། གྲོས་ཚོགས་འཐུས་མི་དང་གནད་ཡོད་དཔོན་རིགས་ཚོས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།