སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཁོལ་ལགས་དང་མཇལ་མོལ།

སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཁོལ་ལགས་གཉིས་མཇལ་མོལ་རྗེས་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་སྩལ་རྒྱུའི་མཛད་རིམ་གོ་སྒྲིག་ཞུ་འདུན་ཡོད་པ་གསུང་བྱུང་།

སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཁོལ་(Michael McCaul) ལགས་དང་མཇལ་མོལ་སྐབས། ༠༤།༢༨།༢༠༢༢ RFA

འདི་ཚེས་༢༨་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཁོལ་(Michael McCaul)་ལགས་དང་སྲིད་སྐྱོང་མཆོག་མཇལ་མོལ་གནང་རྗེས། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གི་ཚོགས་འདུའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་གནང་རྒྱུའི་མཛད་རིམ་གོ་སྒྲིག་ཞུ་འདུན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་ཧོ་ལི་ཝུཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡར་(Richard Gere)་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་བཅས་མཉམ་བཅར་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཆབ་སྲིད་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཁོལ་ལགས་དང་ཆུ་ཚོད་གཅིག་ཙམ་རིང་མཇལ་མོལ་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཅིག་གནང་ཡོད་པ་འབུལ་བཞེས་གནང་སོང་།

གྲོས་ཚོགས་འཐུས་མི་མེཀ་ཁོལ་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་བཀའ་ཡིག་བསྩལ་བ་དང་། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་མཇལ་མོལ་རྩིས་མཐོང་ལྡན་པ་ཞིག་བྱུང་། ང་ཚོས་ཨ་རིའི་གྲོས་ཚོགས་མཉམ་འབྲེལ་གྱི་ཚོགས་འདུ་ཞིག་གི་ཐོག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དྲ་ལམ་བརྒྱུད་ནས་བཀའ་སློབ་སྩལ་གནང་ཡོང་བ་རེ་འདུན་ཞུས་པ་ཡིན། ཨ་མི་རི་ཀའི་མི་མང་གི་ངོས་ནས་བོད་མི་མང་དང་། དུས་རབས་འདིའི་དབུ་ཁྲིད་ཆེ་ཤོས་སུ་གྱུར་བ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་གི་ཡོད། ང་ཚོས་བོད་མི་དང་༧གོང་ས་མཆོག་དང་མཉམ་དུ་ལས་དོན་བྱས་ནས་ཨ་རིའི་གྲོས་ཚོགས་ནང་དུ་ཁྲིམས་ཡིག་གཏན་འབེབས་ཡོང་རྒྱུའི་ཐོག་ལ་ཤུགས་རྒྱག་རྒྱུ་ཡིན། འདིས་རྩ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་མདུན་སྐྱོད་བྱེད་པར་ཕན་གྱི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དེ་ནས་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱིས་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་(Ranking Member)་མཐོ་གྲས་ཀྱི་དཔོན་རིགས་(Jim Risch)་དང་ལས་བྱེད་ལས་གྲུབ་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་པ་མཇལ་ནས་བོད་དོན་ཞུ་གཏུགས་གནང་སོང་ལ། ཚོགས་འདུའི་རྗེས་ཨ་རིའི་གློག་བརྙན་འཁྲབ་མཁན་གྲགས་ཅན་(Richard Gere)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྲོས་ཚོགས་འཐུས་མི་དག་བརྗེ་འགྲོ་བཞིན་ཡོད་ནའང་། ཁོང་ཚོས་བོད་ཀྱི་གནད་དོན་ཐོག་ལ་སེམས་ཚོར་ཆེན་པོ་དང་དོ་སྣང་ཆེན་པོ་བྱེད་བཞིན་འདུག དམིགས་བསལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཤིན་ཏུ་ཆེན་པོ་དང་། བོད་ཀྱི་གནད་དོན་ལ་སེམས་ཚོར་ཆེན་པོ་ཡོད་པ་ཞིག་ཚོར་བྱུང་ཞེས་དང་། ཁོང་ཚོས་རྣམ་དཔྱོད་དང་ཚོར་ཤུགས་ཆེན་པོའི་ཐོག་ནས་སྔ་མོ་ནས་རྒྱ་ནག་གཞུང་གིས་ལོག་འགྲེལ་བྱེད་བཞིན་པའི་གནས་ཚུལ་དག་གསལ་སྟོན་བྱེད་རྒྱུའི་དོན་དམ་གྱི་འདུན་པ་ཞིག་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་བྱུང་།
དེ་བཞིན་ཉིན་གུང་སྲིད་སྐྱོང་མཆོག་ལ་གྲོས་ཚོགས་ཀྱི་དམངས་གཙོ་སྣ་སྦྲེལ་ཚོགས་པས་གོ་སྒྲིག་འོག་གསོལ་ཚིགས་འདེགས་འབུལ་ཞུས་ཤིང་། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཕེབས་ཞུགས་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org