༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་སྦཡེ་ཌེན་རྣམ་གཉིས་རིང་མིན་མཇལ་འཕྲད་ཡོང་རྒྱུའི་རེ་བ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུང་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲངས་ཉུང་དམངས་གཙོ་ཚོགས་པའི་དབུ་ཁྲིད་གསར་པ་བཅས་ལ་ཕྱོགས་ཕེབས་རྗེས་མའི་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་བྱུང་།
- 2023-02-09
-
-
-
Your browser doesn’t support HTML5 audio
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲངས་ཉུང་དམངས་གཙོ་ཚོགས་པའི་དབུ་ཁྲིད་གསར་པ་བཅས་ལ་ཕྱོགས་ཕེབས་རྗེས་མའི་སྐབས་མཇལ་འཕྲད་གནང་རྒྱུ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་འཇཱོ་སྦཡེ་ཌེན་རྣམ་གཉིས་རིང་མིན་མཇལ་འཕྲད་ཡོང་རྒྱུའི་ཐུགས་རེ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་གསུངས་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཕྱི་ཟླ་༢ཚེས་༡ནས་བཟུང་བྱང་ཨ་མི་རི་ཀའི་ནང་སྲིད་སྐྱོང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གསུམ་པ་གནང་བཞིན་ཡོད་པ་དང་། འདས་པའི་ཉིན་གྲངས་༧ཙམ་གྱི་རིང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ། ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་གནད་འགག་ཅན་གྱི་ཚོགས་ཆུང་ཁག་མང་པོའི་དབུ་ཁྲིད་དང་། དེ་བཞིན་བོད་རྒྱའི་དཀའ་སེལ་རྒྱུར་སྐུལ་འདེད་ཀྱི་ཁྲིམས་འཆར་ཐོག་ལ་སྔ་རྗེས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་འཐུས་མི་བཅས་དང་མཇལ་འཕྲད་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བཏོན་ཡོད་པའི་བོད་རྒྱའི་དཀའ་སེལ་རྒྱུར་སྐུལ་འདེད་ཀྱི་ཁྲིམས་འཆར་ཐོག་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ཀེ་ཝིན་མེཀརཐི་(Kevin McCarthy)་ལགས་དང་། གྲངས་ཉུང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཧ་ཀིམ་ཇེཕ་རི་ལགས་བཅས་དང་ཕྱོགས་ཕེབས་ཐེངས་རྗེས་མའི་སྐབས་མཇལ་ཕྲད་གནང་རྒྱུ་ཡིན་པ། སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་༢བའི་ཚེས་༧ཉིན་གྱི་ཕྱི་དྲོ་བཅར་འདྲི་དྭང་ལེན་གནང་པའི་སྐབས་གསུངས་བྱུང་།
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས། ༢༠༢༠ལོའི་ཕྱི་ཟླ་༩བའི་ཚེས་༣ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་པའི་ནང་། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཐད་ལས་དོན་ཤུགས་ཆེ་བ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོ་ཤས་ནས་དགུང་ནའི་བབ་ལ་གཞིགས་པས་སྐུ་ལྷོད་བཞུགས་ཡོང་ཕྱིར། ཨ་རི་སོགས་ཕྱི་རྒྱལ་ཐག་རིང་གི་མཛད་འཕྲིན་ཆེད་ཆིབས་བསྒྱུར་གནང་གི་མེད་སྟབས། སྲིད་སྐྱོང་མཆོག་གི་ཨ་རིའི་ཕྱོགས་ཕེབས་འདི་གནད་འགག་ཅིག་ཏུ་གྱུར་ཡོད་ཅིང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨུཛ་ར་ཛེ་ཡ་(Uzra Zeya)་ལགས་སྔ་ལོའི་ཕྱི་ཟླ་༥པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གི་འཚམས་འདྲིའི་བརྡ་ལན་ཕུལ་ཡོད་པ་རེད། ད་ཐེངས་སྲིད་སྐྱོང་མཆོག་གིས་དམིགས་བསལ་བཅར་འདྲིའི་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་འཇཱོ་སྦཡེ་ཌེན་རྣམ་གཉིས་རིང་མིན་མཇལ་འཕྲད་ཡོང་རྒྱུའི་ཐུགས་རེ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་གསུངས་བྱུང་།
གཞན་ད་ཐེངས་སྲིད་སྐྱོང་མཆོག་གིས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ལགས་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ད་རེས་ཨ་མི་རི་ཀ་དང་ཁེ་ན་ཌའི་ས་ཁུལ་ཁག་ནང་མུ་མཐུད་ཕྱོགས་ཕེབས་གནང་སྟེ། ས་གནས་བོད་མི་གནས་ཡུལ་ཁག་ཏུ་འཚམས་གཟིགས་གནང་གི་ཡོད་པ་འདི་ནི། སྲིད་སྐྱོང་གི་འོས་བསྡུའི་དྲིལ་བསྒྲགས་སྐབས་ས་གནས་ཁག་ཏུ་ལོ་ལྔའི་རིང་ཐེངས་གཉིས་དངོས་སུ་བཅར་ནས་གནས་སྟངས་རྒྱུས་ལོན་གནང་རྒྱུའི་ཁས་ལེན་གནང་པ་དེ་མཇུག་སྐྱོང་གནང་བཞིན་པ་གསུངས་བ་དང་། གཞན་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་ཕན་ཚུན་ནང་ཁུལ་རྩོད་གླེང་ཡོང་གཞིའི་གནད་དོན་ཁག་ཅིག་ཡོང་བཞིན་པའི་ཐད་ལ་ཐུགས་ཚབས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བོད་ནང་གི་གནས་སྟངས་ཐད་རྒྱལ་སྤྱིའི་ནང་ཞུ་སྐུལ་གནང་རྒྱུ་འདི་ལས་དོན་ནང་གི་གལ་གནད་ཆེ་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅིང་། བོད་དོན་ཐོག་ལ་དོ་སྣང་ཡོང་ཐབས་སུ་ཐབས་བྱུས་འཛིན་ཕྱོགས་ལ་རྩལ་དང་རྣམ་དཔྱོད་གང་ཡོང་འདོན་ཐབས་གནང་གི་ཡོད་པ་གསུངས་བྱུང་།
གཞན་བཅར་འདྲིའི་སྐབས་བོད་ནང་ད་བར་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་བྱེད་བཞིན་ཡོད་ཅིང་། བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་ཉེན་ཆེ་བ་འདི་ནི་བཙན་བྱོལ་བོད་མིའི་སེམས་ཚབས་བྱེད་གཞི་ཆེ་བ་ཞིག་ཏུ་ངོས་འཛིན་གནང་གི་འདུག
གསར་འགོད་པ། རྡོ་རྗེ་དགྲ་འདུལ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།