སྲིད་སྐྱོང་མཆོག་གིས་ལི་ཐུཝི་ནི་ཡའི་གྲོས་ཚོགས་དང་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལཊ་ཝི་ཡའི་ནང་གི་འཚམས་གཟིགས་ལེགས་འགྲུབ་ཟིན་པའི་རྗེས་སུ་ལི་ཐུཝི་ནི་ཡའི་རྒྱལ་ས་(Vilnius)་ནང་ཕེབས་འབྱོར་གྱིས་མུ་མཐུད་དུ་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག
- 2024-01-31
-
-
-
Your browser doesn’t support HTML5 audio
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་བྱང་ཡོ་རོབ་ཀྱི་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་ནང་འཚམས་གཟིགས་གནང་བཞིན་པ་ལྟར། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་འདི་ཚེས་༣༠ཉིན་ལི་ཐུཝི་ནི་ཡ་(Lithuania)་རྒྱལ་ས་(Vilnius)་ཡི་རྒྱལ་སྤྱིའི་གནམ་ཐང་ལ་ཕེབས་འབྱོར་སྐབས་ལི་ཐུཝི་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Vytis Vildunas)་ལགས་ཀྱིས་སྣེ་ལེན་ཞུས་འདུག
དེའི་གོང་ལ་སྲིད་སྐྱོང་མཆོག་གིས་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་། (Finland)་ནང་འཚམས་གཟིགས་གནང་སྐབས་གཞུང་འཛིན་གནད་ཡོད་མི་སྣ་དང་། ཆབ་སྲིད་མི་སྣ། དེ་བཞིན་ས་གནསཀྱི་བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་ཀྱིས་བོད་དེ་བཞིན་རྒྱལ་རབས་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་དུས་ནམ་ཡང་མ་ཡིན་པའི་ར་སྤྲོད་དཔང་རྟགས་དང་བཅས་ནས་སྙན་སེང་ཞུས་པ་མ་ཟད། གོང་ཞུས་ཡུལ་གྲུ་དེ་དག་ཨུ་རུ་སུ་དང་ས་འབྲེལ་ཡོད་སྟབས་ཡོ་རོབ་ལ་ཨུ་རུ་སུའི་ཉེན་ཁ་ཡོད་པའི་ཁར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་བསྒྱུར་འོག་ཡོ་རོབ་ལ་ཡང་མ་འོངས་བར་རིམ་པས་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་འཕྲད་སྲིད་སྐོར་སོགས་གསུངས་ཡོད་འདུག
ད་དུང་སྲིད་སྐྱོང་མཆོག་གིས་གོང་ཞུས་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོས། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་བོད་ནང་གི་བོད་མི་དང་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས། ཐེ་ཝན་དང་ཧོང་ཀོང་། ལྷོ་སོག་དང་མན་ཇུ་རི་ཡ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པ་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་གུས་བརྩི་ཞུ་དགོས་པ་སོགས་ཀྱི་འབོད་སྐུལ་ཞུ་དགོས་བའི་རེ་སྐུལ་ཡང་གནང་འདུག
སྲིད་སྐྱོང་མཆོག་རིམ་པས་(Lithuania)་འི་རྒྱལ་ས་(Vilnius)་ནང་(Vilnius’ Tibet Square)་ཞེས་པ་དུས་རྒྱུན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སོགས་སུ་དུས་དྲན་སྲུང་བརྩི་ཞུ་སའི་ས་ཆ་གལ་ཆེན་དེར་ཆེད་ཕེབས་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།