ཀ་ལི་ཀ་ཏཱར་བོད་དོན་བགྲོ་གླེང་སྐབས་སྲིད་སྐྱོང་མཆོག་ཕེབས་ནས་གཏམ་བཤད་གནང་འདུག

རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏཱར་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕེབས་ནས་གཏམ་བཤད་གནང་འདུག

ཀ་ལི་ཀ་ཏཱར་བོད་དོན་བགྲོ་གླེང་སྐབས་སྲིད་སྐྱོང་མཆོག་ཕེབས་ནས་གཏམ་བཤད་གནང་སྐབས། ༠༡།༠༤།༢༠༢༣ CTA

སྤྱི་ཟླ་༠༡ཚེས་༠༤ཉིན་ཀ་ལི་ཀ་ཏཱ་(Kolkata)་གྲོང་ཁྱེར་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཤར་ཕྱོགས་ཡན་ལག་(CGTC)་གིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་བརྗོད་གཞི་དང་འབྲེལ། སྤྱི་ལོ་༡༩༡༠ནས་༡༩༡༢བཅས་ལོ་གཉིས་ཀྱི་རིང་ལ་༧རྒྱལ་མཆོག་སྐུ་ཕྲེང་༡༣པ་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཆིབས་སྒྱུར་གནང་སྟེ་འཁྱུག་ཙམ་རིང་ཀ་ལི་ཀ་ཏཱར་ཕེབས་པ་དང་། དུས་ཡུན་མང་བ་རྡོ་རྗེ་གླིང་དུ་བཞུགས། ༡༩༡༢ལོར་བོད་དུ་ཕྱིར་ཕེབས་མཛད་པ་དང་། དེ་ནས་༡༩༡༤ལོར་རྒྱ་གར་དང་བོད་བར་ལ་སིམ་ལའི་ཆིངས་ཡིག་བཞག་ནས་ད་ལྟ་རྒྱ་གར་གྱི་མེག་མོ་ཧན་ས་ཐིག་ཞེས་ས་མཚམས་ཀྱི་དབྱེ་མཚམས་བཅད་པ་དེ་སྐབས་དེར་བྱུང་ཚུལ་དང་། ད་སྐབས་རྒྱ་ནག་གཞུང་གིས་ལ་དྭགས་ཀྱི་གྷལ་ཝན་དང་ཨ་རུ་ན་ཅལ་མོན་རྟ་དབང་བཅས་སུ་བཙན་འཛུལ་བྱེད་བཞིན་པ་དེ་དག་ནི་ལོ་ངོ་བཅུ་ཕྲག་མང་པོིིའི་རིང་བྱུང་བཞིན་པའི་གནད་དོན་ཞིག་ཡིན་པས། ས་མཚམས་ཀྱི་གནས་སྟངས་ད་ལྟ་གནས་ཚུལ་ཇེ་གསལ་དུ་འགྲོ་རྒྱུ་ཡིན་ཞིང་། བརྒྱུད་ལམ་ཁག་གིས་གནས་ཚུལ་རྒྱ་ཁྱབ་སྤེལ་པ་དང་། རྒྱ་གར་ནང་དུ་ཡང་དོ་སྣང་ཆེ་རུ་འགྲོ་བཞིན་པས་གནས་ཚུལ་ཇི་ཡིན་གོ་རྟོགས་རྒྱ་ཁྱབ་ཏུ་འཕེལ་བཞིན་པ་རེད། ང་ཚོ་བོད་མི་ཚོ་ཡིན་ཡང་མེག་མོ་ཧན་ས་ཐིག་ཐད་ཆིངས་ཡིག་ལ་ས་རྟགས་བཀོད་ཡོད་པའི་ཆ་ནས། རྒྱ་གར་གཞུང་དང་ས་མཚམས་ཀྱི་ཚད་གཞི་འཛིན་སྟངས་ཐད་ལ་ལངས་ཕྱོགས་གཅིག་གྱུར་འཛིན་གྱི་ཡོད་པ་རེད་ཅེས་གསུངས་སྟེ། མེག་མོ་ཧན་ས་ཐིག་འདི་རྒྱ་གར་དང་བོད་བར་གྱི་ཆིངས་དོན་གྱི་ས་མཚམས་ཡིན་པ་གསལ་བརྗོད་གནང་འདུག
ད་དུང་སྲིད་སྐྱོང་མཆོག་གིས། བོད་ནང་ནས་ཡོང་བཞིན་པའི་གཙང་པོའི་ཆུ་རྒྱུན་དག་རྒྱ་གར་གྱི་ཨ་སམ་དང་དེའི་གཤམ་གྱི་རྒྱལ་ཁབ་ཁག་ནང་གི་མིའི་འཚོ་རྟེན་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་ཆུ་རྒྱུན་ཁག་གི་ནང་ནས་འབྲི་ཆུ་སོགས་ཆུ་རྒྱུན་གཉིས་རྒྱ་ནག་ནང་བཞུར་བཞིན་ཡོད་པས། ཉེ་ལམ་འབྲི་ཆུ་ནས་མཆེད་པའི་ཡང་རྩེ་ཆུ་བོ་རྒྱ་ནག་ནང་སྐམ་ཏེ་དཀའ་ངལ་འཕྲད་པ་དང་། བོད་ནང་དུ་གཙང་པོའི་སྟེང་ལ་རྒྱ་ནག་གིས་ཆུ་རགས་ཆེན་པོ་རྒྱབ་རྐྱེན་དེའི་གཤམ་གྱི་ཡུལ་ལུང་ཁག་ལ་དཀའ་ངལ་བཟོས་པ་སོགས་བོད་ཀྱི་ཁོར་ཡུག་ཡང་འཛམ་གླིང་གི་ཡུལ་ལུང་མང་པོའི་མི་མང་ལ་འབྲེལ་བ་ཡོད་པ་གསུངས་འདུག
ད་དུང་བོད་ནང་ནས་ད་བར་དུ་བོད་མི་༡༥༨ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་ཇུས་ལ་ཞི་རྒོལ་བྱས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ཡར་རྒྱས་གཏོང་གི་མེད་པའི་ཁར། ཞི་ཅིན་ཕིན་གྱིས་རྒྱལ་ཁབ་གཅིག་དང་། ཆོས་ལུགས་གཅིག རིག་གཞུང་གཅིག སྐད་ཡིག་གཅིག་ཟེར་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད་པ་ནི་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ཉེན་ཁ་ཅན་ཞིག་ཡིན་པ་དང་། སྲིད་བྱུས་དེའི་འོག་བོད་ནང་གི་བོད་ཕྲུག་བརྒྱ་ཆ་༧༨ཙམ་མི་སེར་སྤེལ་ཡུལ་གྱི་ཤེན་ཤུགས་ཡོད་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་ཀྱི་སློབ་ཁྲིད་མི་བྱེད་པར་མ་འོངས་བོད་ཀྱི་མི་རབས་གསར་པ་ཚོ་རྒྱ་བསྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པ་སོགས་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་གཏམ་བཤད་གྲུབ་པའི་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འགན་འཛིན་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས། གསར་འགོད་གསལ་བསྒྲགས་ཐོག་བོད་དོན་སྐོར་ཕྱི་བསྒྲགས་དང་དྲི་བར་ལན་འདེབས་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པ་བསྟན་འཛིན་རྒྱ་མཚོ་མཆོག་དེ་སྔོན་༡༩༥༦ལོར་ཀ་ལི་ཀ་ཏཱར་ཐེངས་དང་པོ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

བགྲོ་གླེང་ལྷན་ཚོགས་དེའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཤར་ཕྱོགས་ཡན་ལག་གི་འགན་འཛིན་སྐུ་ཞབས་(Ruby Mukherjee)་ལགས་དང་། རྒྱ་གར་གྱི་(statesman)་ཞེས་པའི་ཚགས་ཤོག་གི་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་(Manas Gosh)་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་(Core Group for Tibetan Cause)་ལ་ཡན་ལག་༡༧ཡོད་པ་དང་། ཚོགས་པ་དེ་དང་འབྲེལ་བའི་ཚོགས་འདུ་དང་ལས་གཞི་ཇི་སྤེལ་སྐབས། ཚོགས་མི་རྣམས་ངེས་པར་དུ་ཆེད་བཅར་ཞུ་དགོས་ཀྱི་ཡོད་འདུག་ལ། ཚོགས་པ་དེ་ཉིད་ནས་ད་བར་བོད་དོན་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན་འདུག
གཞན་ཡང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་གོ་སྒྲིག་འོག་ལྡི་ལི་བསམ་ཡས་གླིང་གཞིས་སྒར་ཁུལ་དུ། སྤྱི་ཟླ་༡པོའི་ཚེས་༧ནས་༨བར་ཉིན་གཉིས་ཀྱི་རིང་། བོད་ཀྱི་དུས་སྟོན་འཚོགས་རྒྱུ་ཡིན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་ཡོད་འདུག


གསར་འགོད་པ། བློ་བཟང་དགེ་ལེགས། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org