ཉི་ཧོང་གི་གྲོས་ཚོཊ་འཐུས་མི་འགའ་དང་མཉམ་བོད་དོན་གླེང་བ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་འགའ་ཞིག་དང་མཇལ་འཛོམས་གནང་འདུག
-
2016-01-14 -
-
-
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཉི་ཧོང་གི་གྲོས་ཚོགས་ཁང་གི་ཐོགས་རྩེགས་ཚོམས་ཆེན་ཁང་དུ། ཟླ་༡་ཚེས་༡༣ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ལྷན་མཇལ་འཛོམས་གནང་ཐོག་སྔ་དྲོའི་གསོལ་ཚིགས་ཀྱང་མཉམ་བཞེས་གནང་ཡོད་འདུག
ལྷན་འཛོིམས་དེའི་ཐོག་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་ཆབ་སྲིད་གནས་སྟངས་ཆེས་སྡུག་པོའི་ངང་གནས་པ་དང་། ལྷག་པར་དུ་མཚོ་བོད་ས་མཐོའི་གངས་འཁྱགས་བཞུར་ནས་གནམ་གཤིས་འགྱུར་ལྡོག་གི་སྐོར་གསུང་གླེང་གནང་བ་དང་། དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཁྱག་རོམས་ནི་ཨེ་ཤ་ཡའི་མངའ་ཁུལ་གྱི་ཆུའི་འབྱུང་རྩ་ཡིན་པས་ཆུ་རྩ་དེ་ལས་བྱུང་བའི་གཤམ་འོག་རྒྱལ་ཁབ། དཔེར་ན་བྷང་ལ་ལྡེ་ཤི་དང་། རྒྱ་གར་ལྟ་བུར་འཁྱག་རོམས་བཞུར་བའི་ཤུགས་རྐྱེན་ཆེས་ངན་པ་ཐེབས་ཀྱི་ཡོད་པའི་སྐོར་དང་། དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལག་བསྟར་བྱེད་བཞིན་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པའི་སྐོར་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡོ་རོབ་མནའ་འབྲེལ་གྱི་ཚོགས་གཙོ་ཐུའུ་སི་ཁའ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟེན་གྱི་ཡོད་པ་གསུངས་འདུག
ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། མུ་མཐུད་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་པ་གནང་བ་དང་ཆབས་ཅིག་བོད་མིའི་འགོ་ཁྲིད་ཀྱིས་དེ་ལྟ་བུའི་འཚམས་འདྲི་གནང་བ་བརྒྱུད་བོད་ཀྱི་འཐབ་རྩོད་ལ་ཉི་ཧོང་ཕྱོགས་ནས་སྔར་ལས་ལྷག་པའི་རྒྱབ་སྐྱོར་བརྩོན་ལེན་གནང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་ཡང་གསུངས་འདུག
མཇུག་ཏུ་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་དཔལ་འབྱོར་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
ལྷན་ཚོགས་གྲོལ་རྗེས་སྲིད་སྐྱོང་མཆོག་ཁྲེང་ཐན་གནམ་ཐང་ནས་ཞལ་གྱེས་ཀྱིས་རྒྱ་གར་དུ་ཕེབས་ཐོན་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།