སྲིད་སྐྱོང་མཆོག་ནས་ནུབ་ཕྱོགས་ནས་ཕེབས་པའི་དང་བླངས་སྨན་ཞབས་པ་ཚོར་འཚམས་འདྲི་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རི་དང་རྒྱ་གར་གྱི་ས་ཕྱོགས་ཁག་ནས་ཕེབས་པའི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་ཏེ་ དང་བླངས་སྨན་ཞབས་པ་རྣམས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་ལེགས་གསོའི་འཚམས་འདྲི་ཐུག་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དང་བླངས་སྨན་ཞབས་པ་རྣམས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་ལེགས་གསོའི་འཚམས་འདྲི་ཐུག་འཕྲད་གནང་འདུག བོད་མིའི་སྒྲིག་འཛུགས།

དེ་ཡང་ཕྱི་ཟླ་༧ཚེས་༡༦ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉེ་ཆར་ཨ་རི་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྨན་ཞབས་ཚོགས་པ་དང་ བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་འཕྲོད་བསྟེན་ཚོགས་ཆུང་གི་དང་བླངས་སྨན་ཞབས་པ་བདུན་དང་ རྒྱ་གར་ནང་གི་སྨན་ཞབས་པ་བདུན་བཅས་ཁྱོན་སྨན་ཞབས་པ་ ༡༤ རྣམས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་དུས་ཡུན་ཟླ་བ་གཅིག་ཙམ་རིང་དང་བླངས་ཞབས་ཞུ་སྒྲུབ་པར་ཐུགས་རྗེ་ལེགས་གསོའི་མཛད་སྒོ་གོ་སྒྲིག་ཞུས་གནང་འདུག མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཀའ་འཚེགས་ཅན་གྱི་དུས་ལ་སྤྱི་ཚོགས་ནང་རོགས་ཕན་བྱེད་མཁན་དེ་བོད་མི་ཡིན་པ་ཙམ་དུ་མ་ཟད་བོད་མིའི་བརྒྱུད་ལ་བྱམས་སྙིང་རྗེའི་རང་བཞིན་ཡོད་པ་དེ་མངོན་གྱི་ཡོད་པ་དང་ བོད་མི་མང་ཚོགས་ལ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པའི་སྐབས་འདིར་ཨ་རི་དང་རྒྱ་གར་ནང་ཁུལ་ནས་ཕེབས་པའི་སྨན་ཞབས་པས་དང་བླངས་འགན་ཁུར་བཞེས་ཏེ་ཕྱག་ལས་ཧུར་ཐག་གནང་བར་འཛིན་སྐྱོང་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྔགས་བརྗོད་གནང་པ་དང་སྦྲགས་དང་བླངས་སྨན་ཞབས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་གནང་ཡོད་པ་རེད

གོང་གསལ་གྱི་མཛད་སྒོའི་ཐོག་དང་བླངས་སྨན་ཞབས་པ་རྣམས་ཀྱིས་རང་ཉིད་ཀྱི་མྱོང་ཚོར་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་ཞུས་ཞིང་ས་གནས་དང་ཚོགས་སྡེ་ཁག་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་ལ། ཡང་ཨ་རི་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྨན་ཞབས་ཚོགས་པ་དང་ བྱང་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་འཕྲོད་བསྟེན་ཆོགས་ཆུང་གི་དང་བླངས་སྨན་ཞབས་པ་ཚོགས་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་Tripod པར་ཆས་ཞལ་འདེབས་ཕུལ་བ་མ་ཟད་རྡ་ས་ནས་སྨན་ཞབས་པ་བཞི་དང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ནས་སྨན་ཞབས་པ་གཉིས་བཅས་ལ་ཟླ་བ་གཉིས་རིང་གི་གླ་ཕོགས་དང་། དེ་བཞིན་ཚོགས་པའི་ལྷག་འཕྲོས་མ་དངུལ་འབུམ་དྲུག་ཞལ་འདེབས་སུ་ཕུལ་གནང་ཡོད་པ་བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།

རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org