མ་འོངས་སྔོན་འགྲོའི་འོས་ཤོག་བརྒྱ་ཆ་དྲུག་ཅུ་ཡན་ཐོབ་ན་ཐད་ཀར་སྲིད་སྐྱོང་དུ་ཐོབ་པའི་གསལ་བསྒྲཊ་བྱེད་རྒྱུ།

མ་འོངས་སྲིད་སྐྱོང་འོས་མིར་སྔོན་འགྲོའི་སྐབས་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཚེ་སྲིད་སྐྱོང་ལ་འདེབས་ཐོན་བྱུང་བར་གསལ་བསྒྲགས་གནང་རྒྱུ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སྐབས། ༢༠༡༨།༩།༡༨ RFA

མ་འོངས་སྲིད་སྐྱོང་འོས་མིར་སྔོན་འགྲོའི་སྐབས་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཚེ་སྲིད་སྐྱོང་ལ་འདེབས་ཐོན་བྱུང་བར་གསལ་བསྒྲགས་གནང་རྒྱུ་རེད།
མ་འོངས་སྲིད་སྐྱོང་འོས་མིར་སྔོན་འགྲོའི་སྐབས་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཚེ་སྲིད་སྐྱོང་ལ་འདེབས་ཐོན་བྱུང་བར་གསལ་བསྒྲགས་གནང་རྒྱུའི་འོས་བསྡུའི་སྒྲིག་གཞི་གྲོས་ཚོགས་ནང་གཏན་འབེབས་གནང་འདུག
དེ་ཡང་སྤྱི་ཟླ་༩་བའི་ཚེས་༢༧་ཉིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་བཞིན་པའི་བོད་མི་དམངས་སྤྱི་འཐུས་སྐབས་༡༦ པའི་ཚོགས་འདུའི་ཐོག་མ་འོངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་འོས་མི་གང་ཞིག་ལ་འོས་ཤོག་བརྒྱ་ཆ་༦༠ ལྷག་ཐོབ་པ་ཡིན་ཚེ་དངོས་གཞི་འོས་བསྡུ་བྱ་མི་དགོས་པར་སྲིད་སྐྱོང་ཀྱི་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱ་རྒྱུའི་འོས་བསྡུའི་སྒྲིག་གཞི་གཏན་འབེབས་གནང་ཡོད་པ་རེད།
དེ་ནི་བཀའ་ཤག་གིས་འོས་བསྡུའི་སྒྲིག་གཞིའི་དོན་ཚན་༦༧ གྱི་ནང་གསེས་བཞི་པ་བཟོ་བཅོས་ཡོང་བའི་དགོངས་འཆར་བཏོན་གནང་སྟེ། ནང་གསེས་བཞི་པའི་ནང་དོན་ནི། སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་ཞིག་ལ་འོས་ཤོག་གྲངས་འབོར་བརྒྱ་ཆ་༦༠ ལྷག་ཐོབ་ཡོད་ཚེ་དངོས་གཞིའི་འོས་བསྡུ་གཉིས་པ་བྱ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་ངོས་འཛིན་གྱིས་གསལ་བསྒྲགས་བྱ་རྒྱུ་ཞེས་འཁོད་ཡོད་པའི་ཐོག་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་སྟེ་རྒྱབ་སྐྱོར་ཞུ་མཁན་དང་དགག་ཆ་གནང་མཁན་བྱུང་ཡོད་པ་རེད། འོན་ཀྱང་འོས་བསྡུའི་སྒྲིག་གཞི་དེ་བསྒྱུར་བཅོས་ཀྱིས་ཁྲིམས་མཐུན་གཏན་འབེབས་ཡོང་བར་གྲོས་ཚོགས་ཀྱི་འཐུས་མི་ངོ་ཡོད་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་ལྟར་ད་རེས་ངོ་ཡོད་སྤྱི་འཐུས་མང་མོས་བྱུང་བའི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་མ་འོངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་བསྡུའི་སྐབས་སྲིད་སྐྱོང་གི་འོས་མི་གང་ཞིག་ལ་སྔོན་འགྲོའི་འོས་བསྡུའི་ནང་འོས་ཤོག་བརྒྱ་ཆ་༦༠ ལྷག་ཐོབ་མཁན་དེ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་པར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་། ད་ལྟའི་འཆར་སྲིད་སྐྱོང་འདེམས་ཕྱོགས་ཁྲིམས་མཐུན་ནི་སྲིད་སྐྱོང་འོས་བསྡུའི་སྐབས་མང་ཚོགས་ཀྱིས་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་རིམ་པ་གཉིས་བྱ་དགོས་ཀྱི་ཡོད་པ་དང་། བཀའ་ཤག་གིས་གྲོས་ཚོགས་ནང་འོས་བསྡུ་ཐེངས་གཅིག་ལས་བྱ་མི་དགོས་པའི་དགོངས་འཆར་རིམ་པ་བཏོན་ཀྱང་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་མེད་པ་རེད།
དེ་བཞིན་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་གྱི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་མ་འོངས་སྲིད་སྐྱོང་འོས་བསྡུའི་སྐབས་ཆོལ་ཁ་གསུམ་ལ་སོགས་པ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་འོས་མི་འདོན་མི་ཆོག་པ་ཡང་གཏན་འབེབས་གནང་འདུག

གསར་འགོད་པ་ཨྱོན་བསྟན་འཛིན་དང་། གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org