སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་ནང་ཕེབས་ནས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ནང་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་གི་འདུག
- 2023-02-07
-
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་༢བའི་ཚེས་༧ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མཱ་རིའོ་ཌིཡཛ་བྷེལཌི་ (Mario diaz-Balart)་ལགས་དང་། གྲོས་ཚོགས་འཐུས་མི་ཡང་ཀིམ་(Young Kin)་ལགས་བཅས་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་མཉམ་བཅར་གནང་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་དང་གཙོ་འཛིན་གཞོན་པ་བཅས་བོད་མིའི་སྐུ་ཚབ་ཀྱི་ངོས་ནས། བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པའི་ཨ་རིའི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་༡༡༨པའི་ནང་ངོ་སྤྲོད་གནང་ཡོད་པ་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། སྐབས་དེར་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ (Richard Gere)་ལགས་དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་སྟེ། ཨ་རིའི་གྲོས་ཚོགས་ཀྱི་མུ་མཐུད་དུ་བོད་དོན་ཐོག་ལ་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་གནང་ཡོད་པ་རེད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་རེས་གྲོས་ཚོགས་འཐུས་མི་རྣམ་པར་མཇལ་མོལ་སྐབས། གཙོ་ཆེ་བ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྐོར་ཞུ་སྐུལ་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་(Mario diaz)་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་དོ་སྣང་ཡོད་པ་དང་། བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་གནད་དོན་ཁག་གི་ཐོག་ལ་མ་འོངས་མུ་མཐུད་འབྲེལ་བ་གནང་ན་དགའ་བསུ་ཡོད་པ་གསུངས་ཡོད་པ་ངོ་སྤྲོད་གནང་བྱུང་།
སྲིད་སྐྱོང་མཆོག་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་ལྷན་བཅར་ཞུས་ཡོད་ཅིང་། ཕྱི་ཟླ་༢ཚེས་༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ཡང་ཀིམ་མཆོག་དང་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་ཕྱོགས་ཐད་བཀའ་བསྡུར་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕྱོགས་ཕེབས་གནང་བའི་མཛད་རིམ་ཁོངས་སུ། ཕྱི་ཟླ་ ༢ཚེས་༧ཉིན་གྱི་ཕྱི་དྲོ། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀལ་མེཀོལ་མཆོག་དང་། དེ་བཞིན་བོད་དོན་ཁྲིམས་ཡིག་ལ་རྒྱབ་སྐྱོར་ཚད་མཐོ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་(Todd Young)་བཅས་དང་མཇལ་འཕྲད་གནང་གི་ཡོད་པ་རེད།
སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་སའི་ཁུལ་དུ་ཕྱོགས་ཕེབས་ཐེངས་གཉིས་པའི་སྐབས་འདིར། དེ་སྔ་དང་མི་འདྲ་བར་གྲོས་ཚོགས་ནང་དུ་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གྱུར་ཡོད་པའི་ཆ་ནས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་གནད་འགག་ཅན་དང་ཤུགས་རྐྱེན་ལྡན་པ་ཁག་དང་མཇལ་མོལ་གནང་རྒྱུ་གཙོ་འདོན་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།