སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན་ལ་མཇལ་འཕྲད་གནང་འདུག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་བཞིན་པའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཞེས་མཁས་པའི་ཚོགས་འདུའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་སྲིད་བློན་མཆོག་ལ་མཇལ་འཕྲད་གནང་འདུག
- 2022-08-31
-
-
-
དེ་ཡང་འདི་ཚེས་༣༡ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ནང་ཚོགས་འགོ་བཙུགས་པའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཞེས་མཁས་པའི་ཚོགས་འདུའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་(Jan Lipavsky)་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་(Petr Fiala)་མཆོག་དང་མཇལ་ནས་བོད་ཕྱི་ནང་གི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་འཚམས་འདྲི་གནང་ཡོད་པ་དང་། སྲིད་བློན་མཆོག་གིས་ཀྱང་བོད་མི་ཚོར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་པ་གསུངས་པ། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་བྱུང་།
འདི་ཚེས་༣༠ཉིན་སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ངོས་ནས་གཞུང་འབྲེལ་གདན་ཞུ་དང་། གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ལ་དགའ་བསུའི་སྣེ་ལེན་བར་བོད་དོན་གཏམ་བཤད་གནང་ཡོད་པ་དང་། འདི་ཚེས་༣༡ཉིན་ནས་འགོ་བཙུགས་པའི་(Forum 2000)་ཞེས་ཉིས་སྟོང་གླེང་སྟེགས་ལ་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འཆར་ཡོད་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།