རྡོ་རྗེ་གདན་དུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ངོ་སྤྲོད།

སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་སྲིད་ཇུས་ནི་དབུ་མའི་ལམ་གཞིར་བཞག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་དེ་ཡིན་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་འབྲུག་དང་བལ་ཡུལ་སོགས་ནས་ཕེབས་པའི་བོད་མི་ཆོས་ཞུ་བ་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༧།༡།༡༠ tibet.net

སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་ཇུས་ནི་དབུ་མའི་ལམ་གཞིར་བཞག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་དེ་ཡིན་པ་གསུངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོའི་སྟ་གོན་གྲུབ་རྗེས་གསུང་ཆོས་ར་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འབྲུག་དང་བལ་ཡུལ་སོགས་ནས་ཕེབས་པའི་བོད་མི་ཚོ་དང་མཇལ་འཕྲད་གནང་སྟེ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་ཇུས་སྐོར་ངོ་སྤྲོད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་སྲིད་སྐྱོང་མཆོག་གི་གསུང་བཤད་ནང་། གནས་མཆོག་རྡོ་རྗེ་གདན་ནི་ནང་པ་སངས་རྒྱས་པ་ཚོར་གནས་ཧ་ཅང་གི་རྩ་ཆེན་ཞིག་ཆགས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དུས་དབང་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན་ཞིང་། གནས་མཆོག་རྩ་ཆེན་འདིར་ང་ཚོས་རང་གི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་སྨོན་ཞུ་རྒྱུ་དང་། བཀའ་དགོངས་གཞིར་བཟུང་ལག་བསྟར་བྱེད་རྒྱུའི་དམ་བཅའ་འཇོག་རྒྱུ། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཐོག་ཧ་ཅང་གི་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཡོད་ལ་དེ་ཡང་དེ་སྔ་དང་མི་འདྲ་བར་དེང་སྐབས་བོད་དོན་སྐོར་ཚགས་ཤོག་སོགས་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་གང་མང་ཐོན་བཞིན་ཡོད་པའི་སྐོར་གསུངས་གྲུབ་པའི་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ངོ་སྤྲོད་གནང་སྟེ། ལྔ་དང་ལྔ་བཅུའི་དམིགས་ཡུལ་གཙོ་ཆེ་ཤོས་ནི་དུས་རྟག་ཏུ་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེ་ལྟར་ཡོང་བར་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། མ་འོངས་པར་མུ་
མཐུད་ལོ་ལྔ་བཅུ་བཙན་བྱོལ་དུ་སྡོད་དགོས་བྱུང་ནའང་བོད་མིའི་སྒྲིག་འཛུགས་འདི་གནས་ཐུབ་པ་དང་། ནུས་པ་འཕེལ་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་པའི་འཆར་གཞི་ཞིག་དང་བོད་མིའི་སྒྲིག་འཛུགས་ལོ་༥༠་རིང་གནས་ཏེ་ནུས་པ་གོང་འཕེལ་ཐུབ་པ་བྱུང་ཚེ་ནམ་ཞིག་རྒྱ་ནག་ནང་དུ་འགྱུར་བ་ཕྱིན་པའི་སྐབས་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ངེས་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཞིང་། དེ་ནས་བཀའ་ཤག་གི་ལོ་ལྔའི་ཐབས་བྱུས་འདི་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་དེ་ཡིན་པ་ལྟར་ལོ་ལྔའི་ནང་དེ་ལྟར་ཐོབ་ཐུབ་པ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་པ་ཞིག་དང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་རེད་ཅེས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་སོགས་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org