རྡ་རམ་ས་ལར་བོད་ཀྱི་ཞོ་སྟོན་ཐེངས་ཉི་ཤུ་པ་དེ་མཇུག་བསྒྲིལ།
བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཞོ་སྟོན་ཐེངས་ཉི་ཤུ་པ་དེ་བདེ་ལེགས་ངང་མཇུག་བསྒྲིལ་གནང་འདུག
-
2015-04-06 -
-
-
བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཞོ་སྟོན་ཐེངས་ཉི་ཤུ་པ་དེ་བདེ་ལེགས་ངང་མཇུག་བསྒྲིལ་གནང་འདུག
དེ་ཡང་བོད་ཀྱི་ཟློས་གར་ཚོགས་པས་གོ་བསྒྲིགས་གནང་བའི་ཐོག་ཕྱི་ཟླ་༣ཚེས་༢༧ནས་དེ་རིང་ཕྱི་ཟླ་༤ཚེས་༥བར་གྱི་ཉིན་གྲངས་བཅུའི་རིང་བོད་ཀྱི་ཞོ་སྟོན་ཐེངས་༢༠པ་སྲུང་བརྩི་ཞུས་ཡོད་པ་རེད། འདི་ལོ་བོད་ཀྱི་ཟློས་གར་ཚོགས་པ་དང་། མ་སུ་རི་བོད་ཁྱིམ་སློབ་གྲ། ཀ་ལོན་སྦུག་བོད་མིའི་ལྷ་མོའི་ཚོགས་པ། མོན་གྷོ་འདོད་རྒུ་གླིང་ལྷ་མོའི་ཚོགས་པ། ཨོ་རི་ས་ཕུན་ཚོགས་གླིང་ལྷ་མོའི་ཚོགས་པ། ཅོན་ཏ་ར་བུ་ཁྱིམ། བྷན་རྡ་ར་ནོར་རྒྱས་གླིང་ལྷ་མོའི་ཚོགས་པ། སྦེལ་ལ་ཀོ་ཕི་ལྷ་མོའི་ཚོགས་པ། མན་པར་ཕན་བདེ་གླིང་ལྷ་མོའི་ཚོགས་པ། ཀོ་ལི་གྷལ་དོན་ལྡན་གླིང་ལྷ་མོའི་ཚོགས་པ། སོ་ལོ་ཁམ་བུ་ལྷ་མོའི་ཚོགས་པ་དང་། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པ་བཅས་ཀྱིས་ཞོ་སྟོན་ནང་མཉམ་ཞུགས་གནང་ཡོད་འདུག ཉིན་བཅུའི་རིང་ལྷ་མོའི་ཚོགས་པ་ཁག་གིས་ལྷ་གཞུང་འགྲོ་བ་བཟང་མོ་དང་། གཟུགས་ཀྱི་ཉི་མ། སྣང་ས་འོད་འབུམ། མཁན་སློབ་ཆོས་གསུམ། ཁྱིའུ་པད་མ་འོད་འབར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རྒྱལ་པོ་འཇིག་རྟེན་དབང་ཕྱུག ལྕགས་ཟམ་པ། སྟོན་པའི་མཛད་རྣམ་བཅས་འཁྲབ་གཞུང་གཟིགས་འབུལ་ཞུས་འདུག
དེ་སྔ་བོད་དང་ཕྱིས་སུ་བཙན་བྱོལ་ནང་ལོ་ལྟར་ཕྱི་ཟླ་༦ནང་ཞོ་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། ཕྱི་ལོ་༡༩༨༤།༨༥ལོ་ནས་བཟུང་ཕྱི་ཟླ་བཞི་པའི་ནང་གནམ་གཤིས་ལེགས་པ་ཡོད་པ་ཡོད་པའི་ཆ་ནས་སྔ་སྣུར་གྱིས་ལོ་ལྟར་ཕྱི་ཟླ་བཞི་པའི་ནང་ཞོ་སྟོན་སྲུང་བརྩི་ཞུ་གི་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།