ཟླ་སྒྲོན་ལཊ་དྲིལ་བསྒྲཊ་དྲུང་ཆེ་ཚད་མཉམ་ཐོག་བསྐོ་བཞག་གནང་འདུག

བོད་མི་མང་སྤྱི་ཟུར་ཤར་གླིང་ཟླ་སྒྲོན་ལགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲཊ་དྲུང་ཆེའི་ཚད་མཉམ་ཐོག་བསྐོ་བཞག་གནང་ཡོད་འདུག

ཤར་གླིང་ཟླ་སྒྲོན་ལགས། ༢༠༡༤།༡༢ ཀླུ་འབུམ།/RFA

བོད་མི་མང་སྤྱི་ཟུར་ཤར་གླིང་ཟླ་སྒྲོན་ལགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲཊ་དྲུང་ཆེའི་ཚད་མཉམ་ཐོག་བསྐོ་བཞག་གནང་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། བཀའ་ཤག་གིས་དེ་སྔོན་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། དེ་བཞིན་ཤར་གླིང་ཟླ་སྒྲོན་ལགས་སོགས་མི་དྲུག་གྲོས་འདྲི་པར་བསྐོ་བཞག་གནང་ཡོད་པ་དེ་དག་བཀའ་ཤག་གིས་ཐད་བསྐོས་ཆོག་པའི་སྐུ་དབང་ཐོག་ནས་མི་བཅོ་བརྒྱད་དམིགས་བསལ་བསྐོ་བཞག་གནང་ཆོག་རྒྱུའི་ཉེ་ཆར་གྲོས་ཚོགས་ནས་ཆོག་མཆན་ཐོབ་པའི་ཁོངས་སུ་ཟླ་བསྒྲིལ་གནང་ཡོད་འདུག་པ་དང་། ཤེས་རྟོག་བྱུང་བར་གཞིགས་ན། བཀའ་ཤག་ནས་བསྐོ་བཞག་གནང་བ་ལྟར་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཟླ་བ་འདི་ནས་བཟུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ལས་འཁུར་དབུ་འཛུགས་གནང་ཡོད་འདུག
རྩ་བའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནི་སྐབས་བཅོ་ལྔ་པའི་བོད་མི་མང་དབུས་གཙང་སྤྱི་འཐུས་གནང་མྱོང་ཡོད་པ་མ་ཟད། སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་སུ་སླར་ཡང་འདེམས་ཐོན་བྱུང་ཡོད་པ་རེད། འོན་ཀྱང་སྐབས་འདིའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་ཕྱི་དྲིལ་བཀའ་བློན་གྱི་འོས་མིར་འདོན་གནང་མཛད་དུས། ཁོང་དགུང་ལོ་སུམ་ཅུ་སོ་ལྔ་ཧྲིལ་པོ་འཁོར་མེད་པའི་རྒྱུ་མཚན་ལ་བརྟེན་འོས་ཆོས་ཚང་མེད་སྟབས་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་དང་། ཉེ་ཆར་སླར་ཡང་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཁོང་ཟླ་བ་དགུ་པའི་ནང་དགུང་གྲངས་སོ་ལྔར་ལོན་པའི་ཆ་ནས་གྲོས་ཚོགས་སུ་བཀའ་བློན་གྱི་འོས་མིར་འདོན་གནང་མཛད་ཡོད་ཀྱང་གྲོས་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་དགོས་ངེས་ཀྱི་འོས་ཤོག་མ་ཐོབ་པའི་རྐྱེན་གྱིས་ཤར་གླིང་ཟླ་སྒྲོན་ལགས་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་མ་ཐུབ་པ་རེད།
ཤར་གླིང་ཟླ་སྒྲོན་ལགས་ཕྱི་ལོ་༡༩༨༡།༠༩།༢༣་ཉིན་འཁྲུངས་ཤིང་རྡ་ས་བོད་ཕྲུག་ཁྱིམ་སྡེའི་མ་ལག་སློབ་ཁག་ནས་འཛིན་རིམ་༡༢་ཐོན་རྗེས་རྒྱ་གར་མ་དྷ་ར་སིའི་གཙུག་ལག་སློབ་གཉེར་ཁང་ནས་འབྲེལ་ལམ་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་། སི་ཁོཌ་ལན་ཌི་ནང་ཡོད་པའི་ཨེ་ཌིན་བྷག་གཙུག་ལག་སློབ་གཉེར་ཁང་ནས་མདུན་ལམ་ལམ་སྟོན་ཐོག་རབ་འབྱམས་པའི་བསླབ་པ་མཐར་སོན། ད་ལྟའི་ཆར་ཨ་རིའི་མེ་སེ་ཆུ་སིཌ་གཙུག་ལག་སློབ་གཉེར་ཁང་ནང་ཆབ་སྲིད་འབྲེལ་ལམ་རིག་པའི་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པ་དང་། ཁོང་གིས་ཕྱི་ལོ་༢༠༠༩་ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ Steering Committee, International Tibet Network་ལ་བདམས་ཐོན་བྱུང་རྗེས། ༢༠༡༢་ལོར་རྒྱུན་ལས་ཀྱི་ཚོགས་གཙོར་ Co Chair་བདམས་ཐོན་བྱུང་།  ཕྱི་ལོ་ ༢༠༡༣་ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འགོ་འཛུགས་གནང་བའི་བཙན་བྱོལ་བོད་ཀྱི་བུད་མེད་དང་ཁྲིམས་དོན་ནུས་སྟོབས་གོང་སྤེལ་གྱི་ལས་འཆར་ཚགས་ཚུད་ཡོང་སླད་སློབ་སྟོན་གནང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༤་ལོར་གསར་འཛུགས་བྱུང་བའི་བོད་རྒྱ་སྨྱུག་གྲོགས་ Tibetan-Chinese PEN Association་ཀྱི་དྲུང་ཆེར་བདམས་ཐོན་བྱུང་ཡོད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org