སྨན་པ་ཁྱད་མཚར་པོ་ཞེས་བའི་གློག་བརྙན་ལ་ངོ་རྒོལ་བྱས་འདུག

སྨན་པ་ཁྱད་མཚར་པོ་ཞེས་བའི་གློག་བརྙན་ལ་ཕྱི་ཚུལ་ལ་འགྱུར་བ་བཏང་བར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་ནེའུ་ཡོག་ནང་སྨན་པ་ཁྱད་མཚར་པོ་ཞེས་བའི་གློག་བརྙན་ལ་ངོ་རྒོལ་སྐབས། ༢༠༡༦།༡༡།༣ SFT

Marvel Studio་ཞེས་པའི་ཨ་མི་རི་ཀའི་གློག་བརྙན་བཟོ་བསྐྲུན་ཁང་གིས་Doctor Strange་ཞེས་སྨན་པ་ཁྱད་མཚར་པོ་ཟེར་བའི་གློག་བརྙན་ནང་གི་Tilda Swinton་ཡི་ཕྱི་ཚུལ་ལ་འགྱུར་བ་བཏང་བ་དེར་ཁ་ས་ཕྱི་ཚེས་༣་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངག་བཅད་ངོ་རྒོལ་བྱས་འདུག
རྩ་བའི་གོང་ཞུས་གློག་བརྙན་དེ་བཞིན་གཟའ་འཁོར་འདིའི་ནང་ཨ་མི་རི་ཀ་རྒྱལ་ཡོངས་ནང་སྟོན་འགོ་བཙུགས་ཡོད་ཅིང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བེ་བདེ་ཚང་ཨྱོན་ལགས་ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་Manhattan་ཤར་ཕྱོགས་ཁུལ་གྱི་AMC་གློག་བརྙན་ཁང་གི་མདུན་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་དྲོའི་ཕྱག་ཚོད་༦་དང་ཕྱེད་ཀ་ནས་ངག་བཅད་ངོ་རྒོལ་ལས་འགུལ་སྤེལ་ལུགས་ཨ་རིའི་NBCབརྙན་འཕྲིན་ལས་ཁང་ལ་གསུངས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་དོན་ནི། Doctor Strange་འམ་སྨན་པ་ཁྱད་མཚར་པོ་ཞེས་པ་འཁྲབ་སྟོན་གནང་མཁན་Tilda Swinton་ནི་གནའ་སྔ་མོའི་དུས་སུ་མིག་འཕྲུལ་བཏོན་ཐུབ་པའི་ནུས་པ་ཆེན་པོ་ཡོད་པའི་བོད་པ་ཞིག་ཡིན་སྐོར་Marvel་ཡི་དེབ་ནང་བྲིས་ཡོད་རུང་། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་Tilda བོད་པ་ཞིག་ཡིན་པ་མི་སྟོན་རྒྱུའི་ཐག་གཅོད་བྱས་པའི་དབང་གིས་ཡིན་པ་རེད།
འདི་ལོའི་ཕྱི་ཟླ་བཞི་པའི་ནང་གློག་བརྙན་འདི་Podcast་འམ་ལག་ཐོག་ཁ་པར་བརྒྱུད་སྟོན་སྐབས་གློག་བརྙན་དེའི་རྩོམ་བྲིས་པ་Robert Cargill་ཡིས་གློག་བརྙན་འདིའི་ནང་གི་སྨན་པ་དེ་བོད་ནས་ཡིན་པ་དང་། གལ་ཏེ་བོད་ཀྱི་ས་ཆ་དང་ཁོང་བོད་པ་ཞིག་ཡིན་པ་ངོས་འཛིན་བྱས་ཚེ་དེས་མི་མང་ཐེར་འབུམ་གཅིག་ཙམ་གྲོགས་འདྲིས་མེད་པ་བཟོ་རྒྱུའི་ཉེན་ཁ་ཡོད་རེད་ལ་རྒྱ་ནག་གཞུང་གིས་ཀྱང་སྐྱོན་བརྗོད་བྱ་རྒྱུའི་ཉེན་ཁ་ཡོད་ཅིང་། འཛམ་གླིང་ནང་ནས་གློག་བརྙན་མང་ཤོས་བལྟ་མཁན་གྱི་རྒྱལ་ཁབ་ཆེ་ཤོས་གཅིག་རྒྱལ་ཁབ་ག་རེ་ཡིན་པ་ཁྱེད་ཚོས་ཤེས་ཀྱི་ཡོད་དམ་ཞེས་དྲི་བ་བཀོད་འདུག་ལ་རྒྱ་གཞུང་གིས་ཁྱེད་ཚོས་ཆབ་སྲིད་འཁྲབ་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ཁྱེད་ཚོའི་གློག་བརྙན་སྟོན་གྱི་མིན་ཟེར་སྲིད་སྐོར་ཡང་བརྗོད་འདུག
བེ་བདེ་ཚང་ཨྱོན་ལགས་ཀྱིས། ཁོང་Marvel་གྱི་དེབ་སོགས་ལ་དགའ་མོས་གནང་མཁན་ཞིག་ཡིན་རུང་། གློག་བརྙན་དེར་ངོ་རྒོལ་མུ་མཐུད་གནང་རྒྱུ་ཡིན་པ་དང་། Doctor Strange་ཞེས་པའི་ནང་འཁྲབ་སྟོན་པ་Tilda Swinton་གནའ་སྔ་མོའི་བོད་མི་ཞིག་གི་ཚུལ་དུ་སྟོན་རྒྱུ་མིན་པའི་ཐག་གཅོད་བྱས་པའི་རྒྱབ་ལ་རྒྱ་ནག་གཞུང་གི་ཆོག་མཆན་བླངས་པར་ཡིད་ཆེས་གནང་གི་ཡོད་ལུགས་དང་། ཡང་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་ཚབས་ཆེ་གཏོང་བཞིན་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་སོགས་རྒྱ་གཞུང་གི་བྱ་ངན་ཁག་ལ་དཀར་བརྩི་བཏང་སྟེ་ནག་བསུབ་གཏོང་ཐབས་བྱས་པ་ལས་ཀྱང་ཞན་པ་དང་སྡུག་པ་ཡིན་སྐོར་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org