རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་ཐེངས་ཁ་ཤས་བྱུང་འདུག

རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་ལས་འགུལ་བ་ཚོ་དུས་ཡུན་གང་མཚམས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བཞུགས་སའི་མགྲོན་ཁང་མདུན་ངོ་རྒོལ། ༢༠༡༧།༡༢།༡༡ AP

རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་ལས་འགུལ་བ་ཚོ་དུས་ཡུན་གང་མཚམས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་འདུག
ཕྱི་ཟླ་་༡༢ ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་ཀྱི་བེུད་ཀྱི་ལྷན་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་ཟུང་དྲུང་ཨ་ནི་བསྟན་འཛིན་ཚེ་ལྷ་ལགས། དེ་བཞིན་ལྡི་ལི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་ལྷ་མོ་ལགས་བཅས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལྡི་ལིར་འབྱོར་བའི་སྐབས། ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་ཁག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མི་ཚོར་གང་ཅིའི་རང་དབང་མེད་པའི་གནས་བབས་སོགས་བོད་དོན་ཞུ་ཡིག་ཕུལ་བར་བཅར་བ་དང་། ཕྱི་ཚེས་ ༡༡ ཉིན་ཁོང་རྣམས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་སུ་ཞུ་ཡིག་ཕུལ་བར་ཕེབས་སྐབས་རྒྱ་གར་གྱི་ཉེན་རྟོག་པས་འཇུ་བཟུང་གིས་དུས་ཡུན་ཚོུད་བརྒྱད་ཙམ་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་འདུག
ཡང་ཕྱི་ཚེས་༡༠་ཉིན་རྒྱ་གར་གྱི་རྒྱལ་སྒོ་ཆེན་པོ་(India Gate)་ཞེས་པའི་མདུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ནང་གཞུང་འབྲེལ་ལ་ཕེབས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལ་(Flash mob)་འམ་མི་མང་པོ་དུས་གཅིག་ཏུ་ཧོབ་ཏེ་འཛོམས་ནས་ངོ་རྒོལ་བྱེད་སྲོལ་དེ་གནང་འདུག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ཕྱི་ཚེས་༡༠་ཉིན་ཝང་ཡི་ལ་ངོ་རྒོལ་བྱས་པ་དང་། ཝང་ཡི་བཞུགས་གནས་མགྲོན་ཁང་མདུན་ངོ་རྒོལ་སྐད་འབོད་གནང་བ་མ་ཟད་ཁོང་བཞུགས་སའི་(Imperial) ་གསོལ་མགྲོན་ཁང་གཡས་གཡོན་གང་སར་བོད་ནང་རང་དབང་དང་འདྲ་མཉམ་འགྲོ་བ་མིའི་ཐོབ་ཐང་དགོས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་མཚམས་འཇོག་དགོས་པ་སོགས་འབོད་ཚིག་འཁོད་པའི་འཕྲེད་དར་སོགས་འཕྱར་ནས་ངོ་རྒོལ་གནང་འདུག་ལ་ཕྱི་ཚེས་༡༡་ཉིན་ཝང་ཡི་བཞུགས་གནས་གསོལ་མགྲོན་ཁང་གི་ཕར་ཕྱོགས་ཀྱི་ཁང་པ་ཆེན་པོ་ཞིག་གི་ཐོག་ནས་(Wang Yi Free Tibet Now)་ཞེས་ཝང་ཡི་བོད་ལ་རང་དབང་ད་ལྟ་རང་སྤྲོད་དགོས་ཅེས་འབོད་ཚིག་འཁོད་པའི་འཕྲེད་དར་ཆེན་པོ་ཞིག་ཁང་ཐོག་ནས་མར་དཔྱང་ནས་ངོ་རྒོལ་གནང་སྐབས་རྒྱ་གར་གྱི་ཉེན་རྟོག་པས་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་༩་འཛིན་བཟུང་བྱས་འདུག་ཅིང་། ཁོང་ཚོ་ཡང་དུས་ཡུན་གང་མཚམས་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org