རྒྱ་ནག་ལ་རོགས་རམ་མཚམས་འཇོག་ཡོང་བའི་འབོད་སྐུལ།
ཨ་རིས་རྒྱ་ནག་ལ་ཨ་སྒོར་ས་ཡ་མང་པོ་འཛུགས་སྐྲུན་ཡར་རྒྱས་ཆེད་རོགས་རམ་གནང་གི་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུའི་འབོད་སྐུལ།
-
2011-08-05 -
-
-
༄༅༎ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས། རྒྱ་ནག་ལ་ཨ་མི་རི་ཀས་ལོ་ལྟར་ཨ་སྒོར་ས་ཡ་མང་པོ་འཛུགས་སྐྲུན་ཡར་རྒྱས་ཆེད་རོགས་རམ་གནང་གི་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུའི་འབོད་སྐུལ་དང་སྦྲགས། འཛམ་གླིང་ནང་ནས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་ཨང་གཉིས་པ་རྒྱ་ནག་ལས་ཁ་ཚ་དགོས་ཐུག་ཚ་བའི་རྒྱལ་ཁབ་གཞན་མང་པོ་ཡོད་སྐོར་གསུངས་བཞག
ཁ་ས་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་བརྒྱད་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་བཞིས། རིང་མིན་ཕྱི་ཟླ་༡༠པ་ནས་འགོ་འཛུགས་གནང་རྒྱུའི་ལོ་འཁོར་སྔོན་རྩིས་འཆར་གཞི་གསར་པ་གཏན་འབེབས་གནང་མཁན་ གྲོས་ཚོགས་ཀྱི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་ལ་། ཨ་རི་གཞུང་ནས་རྒྱ་ནག་ལ་འཛུགས་སྐྲུན་གོང་འཕེལ་གྱི་ལས་འཆར་ཐད་དངུལ་གྱི་རོགས་རམ་གནང་མཚམས་འཇོག་དགོས་པའི་འབོད་སྐུལ་དེ་དག་ཞུས་གནང་ཡོད་པ་རེད།
ཁོང་རྣམ་པས་བོད་ནང་གི་བོད་མི་ཚོར་རོགས་རམ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏང་རྒྱུ་གཉིས་ཕུད་པའི་དེ་མིན་རྒྱ་ནག་ལ་དཔལ་འབྱོར་གྱི་རོགས་རམ་ཡོངས་རྫོགས་མཚམས་འཇོགས་དགོས་པའི་རེ་སྐུལ་གནང་འདུག ༢༠༠༡ནས་བཟུང་ཨ་མི་རི་ཀས་ རྒྱ་ནག་ནང་གནས་འཕྲིན་དྲ་རྒྱ་ཡར་རྒྱས་གཏང་རྒྱུ་དང༌། སྤྱི་མང་འགྲིམས་འགྲུལ་ཡར་རྒྱས་གཏང་རྒྱུའི་ལས་འཆར་ཐེ་པའི་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་འཆར་མང་པོ་ཞིག་ལ་ཐད་ཀར་དཔལ་འབྱོར་གྱི་རོགས་རམ་ཁྱོན་ཨ་སྒོར་ས་ཡ་༢༧༥ལྷག་གནང་ཡོད་པ་རེད། ད་ལྟའི་སྐབས་འདིར་
ཨ་རིའི་ནང་གཞུང་མང་གཉིས་ལ་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དེ་དག་རིམ་བཞིན་སེལ་ཐབས་སུ། ཨ་རི་གཞུང་གིས་འགྲོ་གྲོན་སྲི་ཚག་གནང་རྒྱུའི་ཐབས་ལམ་སྒོ་གང་ས་ནས་འཚོལ་ཞིབ་གནང་བཞིན་ཡོད་པ་རེད།།