ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱལ་ཚོགས་ནང་བོད་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་འདྲི་རྩད་དགོས་བའི་འབོད་སྐུལ་གནང་འདུག
ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཁག་ཅིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱལ་ཚོགས་ནང་བོད་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་འདྲི་རྩད་དགོས་བའི་འབོད་སྐུལ་གནང་འདུག
- 2024-01-18
-
-
-
དེ་ཡང་རིང་མིན་སྤྱི་ཟླ་དང་པོའི་ཚེས་༢༣ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། འདི་ཚེས་༡༦ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Marco Rubio)་ལགས་དང་། (Tim Kaine)་ལགས།(Jeff Merkley)་ལགས། (Marsha Blackburn)་བཅས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ ལགས་སུ་རེ་སྐུལ་ཕྱག་བྲིས་ཞིག་ཕུལ་བའི་ནང་དུ། གཟའ་འཁོར་རྗེས་མར་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་དུས་བཀག་བསྐྱར་ཞིབ་གནང་བའི་སྐབས། ཨ་རི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཤིག་ཡིན་པའི་ཆ་ནས། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་གང་བྱུང་བཀག་ཉར་བྱས་པ་དང་། དེ་བཞིན་བོད་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་ཐད་འདྲི་རྩད་བྱེད་དགོས་པའི་འབོད་སྐུལ་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་འདི་ཚེས་༡༨ཉིན་གོང་ཞུས་རེ་སྐུལ་ཡིག་ཆར་མཚན་རྟགས་བསྐྱོན་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས་ཀྱི་ལས་ཁུངས་སུ་འབྲེལ་བ་ཞུས་ཏེ་བཀའ་འདྲི་ཞུས་སྐབས་འབྲེལ་ཡོད་ལས་བྱེད་པས། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔོན་ཚུད་དྲི་བ་ཕུལ་བའི་ནང་། བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐེ་བའི་གནད་དོན་ཁག་གི་ཐད་གླེང་སློང་བྱས་ཡོད་པ་ར་འཕྲོད་བྱུང་། འོན་ཀྱང་རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་ལན་འདེབས་བྱེད་སྟངས་ལ་གཞིགས་ན་ལན་འདེབས་དོན་འབྲས་འདོད་བློ་འཚིམ་པ་ཞིག་ཡོང་བའི་རེ་བ་མེད་པ་གསུངས་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་༡༢བའི་ནང་ཕྱི་སྲིད་ལས་ཁུངས་སུ་འདྲི་རྩད་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐབས་དེར་བོད་དོན་ཐད་དྲི་བ་གཏོང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་ལན་འདེབས་གནང་ཡོད།
གོང་ཞུས་འབོད་སྐུལ་ཕྱག་བྲིས་དེའི་ནང་། བོད་ཀྱི་སྐོར་ལ་དམིགས་བཀར་བྱས་ནས་བཀོད་དོན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་བོད་མི་འདུས་སྡོད་བྱེད་ཡུལ་ས་ཁུལ་ཁག་ཏུ་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་། བོད་ཀྱི་ལོ་རྒྱུས་དང་རིག་གནས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། ལྷག་པར་དུ་ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་དབྱིན་སྐད་དུ་(TIBET)་ཞེས་འབོད་ཀྱི་ཡོད་པ་དེ་ཡང་ད་ཆ་(XIZANG)་ཞེས་རྒྱ་སྐད་ཐ་སྙད་དུ་བསྒྱུར་ཐབས་ཀྱི་དྲིལ་བསྒྲགས་དང་། བོད་ཕྲུག་བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་ཁྲིད་ཀྱིས་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག
གཞན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། བོད་མི་དོན་གཉེར་ཅན་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་པ་ཙམ་ཡང་ཁྲིམས་འགལ་དུ་བརྩིས་ནས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་བའི་ཁོངས་སུ། ད་ལྟ་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། རོང་བོ་གངས་དཀར་ལགས། དེ་བཞིན་ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཅས་སོགས་མིང་འདོན་གནང་འདུག
དེའི་སྔོན་ཨ་རིའི་གཞུང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཀལ་ཡོད་པ་རེད།
ཉེ་ལམ་ཚེས་༡༠ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་ཡིས་ཨ་རིའི་(Biden)སྲིད་གཞུང་ལ་རིང་མིན་མཉམ་འབྲེལ་རྒྱལ་ཚོགས་ནང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་ལག་བསྟར་ཇི་ཙམ་བྱས་མིན་ཐད་དུས་བཀག་བསྐྱར་ཞིབ་ཚོགས་སྐབས་བོད་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པའི་སྐོར་ཞིབ་ཕྲ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་མཉམ་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་མིང་འདོན་གནང་བའི་ནང་། བོད་ནང་གི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། བློ་བཟང་འཕྲིན་ལས། ཐུབ་བསྟན་བློ་གྲོས། རོང་བོ་གངས་དཀར་སོགས་ཐེ་བའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མིང་རེ་རེ་བཞིན་བཀོད་ནས་དེ་དག་ནི་ཆེས་སེམས་ཚབས་བྱེད་ཡུལ་གྱི་ཆབ་སྲིད་བཙོན་པ་དག་ཡིན་པ་བཀོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་༢༠༡༨ལོར་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཐེངས་༤པའི་སྐབས། རྒྱ་ནག་ལ་ཕྱི་འབྲེལ་སྐུ་ཚབ་བོད་དུ་གཟིགས་ཞིབ་ཆེད་བསྐྱོད་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ༢༠༡༩ལོར་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་(Terry Branstard)་ལགས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་ཅིག་ཏུ་བསྐྱོད་བཅུག་ཡོད་ཀྱང་། ཁོང་བོད་ནས་ཕྱིར་འཁོར་མཚམས་བོད་ཀྱི་ཆོས་དད་རང་དབང་གི་གནས་བབ་ཐད་ཐུགས་འཚབ་ཡོད་པ་འགྲེལ་བརྗོད་བྱས་པ་དང་འབྲེལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་བོད་དོན་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེའི་རྗེས་སུ་ཨ་རིའི་གཞུང་གི་ཆེས་མཐོའི་སྐུ་ཚབ་བོད་དུ་ཕེབས་བཅུག་མེད་པ་རེད།།
གསར་འགོད་པ། བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།