ཆོས་འཕགས་སྐྱབས་དང་བསོད་ནམས་ལགས་ཀྱི་ཞལ་ཆེམས།

རང་ལུས་མེ་མཆོད་ཕུལ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱིས་ཞལ་ཆེམསབཞག་འདུག

༄༅།།འདི་ཟླའི་ཚེས་༡༩་ཉིན་མདོ་སྨད་ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་བོད་ཀྱི་བསྟན་པ་ཆབ་སྲིད་དོན་དུ་རང་གི་སྐུ་ལུས་མེ་མཆོད་ཕུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་གཉིས་ཀྱིས་ཞལ་ཆེམས་ཤིགབཞག་གནང་འདུག བཞུགས་སྒར་རྡ་རམ་ས་ལ་ནས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་དྲ་རྒྱ་བརྒྱུད་ནས་གནས་ཚུལ་བཏང་གནང་དོན་གསལ་ལྟར་ན་ ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་གཉིས་ཀྱིས་སྐུ་ལུས་མེ་མཆོད་མ་འབུལ་གོང་ཕྱག་ཁྱེར་ཞལ་པར་བརྒྱུད་ནས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་གཙོ་བོ་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་དགོས་དོན་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ ཡང་སྒོས་བོད་མིའི་རང་དབང་ཆེད་དུ་ཡིན་སྐོར་དང་ཡང་ཁོང་གཉིས་མི་ཡུལ་འདིར་ཕ་མ་སྤུན་མཆེད་དང་གཉེན་ཉེ་རྣམས་དང་ལྷན་དུ་སྡོད་འདོད་མེད་པ་མིན་ན་ཡང་ སྡོད་རྒྱུའི་རང་དབང་མིན་འདུག་ཅེས་དང་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་རྗེས་སུ་ཁོང་གཉིས་ཀྱི་ཕུང་པོ་རྒྱ་མིས་འཁྱེར་ངེས་ཀྱང་ ནང་མི་སྤུན་མཆེད་དང་སྡེ་མི་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་དགོས་ ཁོང་ཚོས་ག་རེ་བྱས་ན་ཡང་བྱེད་དུ་བཅུག་ཞེས་སོགས་འཁོད་ཡོད་འདུག་ལ་  ཞལ་ཆེམས་དེ་ནི་ཁོང་གཉིས་ཀྱིས་བཀའ་བསྡུར་གནང་སྟེ་བཞག་པ་ཞིག་ཡིན་འདུག ད་ཆ་ཁོང་གཉིས་ཀྱི་ཞལ་ཆེམས་དེ་བཞིན་མི་མང་པོ་ཞིག་གིས་ཕན་ཚུན་ལག་ཁྱེར་ཁ་པར་བརྒྱུད་བསྐུར་རེས་བྱས་ཏེ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་འདུག ཡང་ཁོང་གིས་གནས་ཚུལ་མུ་མཐུད་ནས་ངོ་སྤྲོད་གནང་དོན་ལྟར་ན་ཉེ་སྔོན་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་དང་ད་རེས་ཁོང་གཉིས་ཀྱི་ཞལ་ཆེམས་ཀྱིས་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྙིང་སྟོབས་སོགས་ལ་བརྟེན་ནས་འཛམ་ཐང་གི་བོད་མི་རྣམས་དངོས་གནས་གཉིད་ལས་སད་བཅུག་སོང་ལ་ དེང་སྐབས་འཛམ་ཐང་གི་ཇོ་ནང་དགོན་སྡེ་ཁག་གི་གཙོས་སྐྱ་སེར་དབྱེ་བ་མེད་པར་ཁོང་གཉིས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཆོད་འབུལ་སྨོན་ལམ་ཚོགས་པ་དང་མི་སྐྱ་རྣམས་ཀྱིས་ནང་ཁུལ་འཛིང་རེས་དང་ནང་ཁུལ་རྐུ་མ་རྐུ་རེས་་མི་བྱ་རྒྱུའི་དམ་བཅའ་ཕུལ་དང་འབུལ་བཞིན་ཡོད་ལ་ ཁོང་རྣམས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་ཐབས་སུ་ཉེ་སྔོན་ནས་མཚོན་ཆ་ཚང་མ་དགོན་པར་ཕུལ་བ་དེ་དག་ཁ་ས་ཕྱི་ཟླ་༤་ཚེས་༢༣་ཉིན་འཛམ་ཐང་ཇོ་ནང་དགོན་ཆེན་དུ་མེར་བསྲེགས་བཏང་ཡོད་ལ་ སྐབས་དེར་མི་མང་སྟོག་ཕྲག་ལྷག་འཛོམས་ཡོད་སྐོར་བོད་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ཁག་ཀྱང་ལུང་འདྲེན་ཞུས་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org