བོད་མི་སྟོང་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་དུ་འདུ་འཛོམས།
རང་ལུས་མེར་བསྲེགས་ཏེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་བསོད་ནམས་དར་རྒྱས་ལ་གདུང་སེམས་མཉམ་བསྐྱེད་ཆེད་འཛོམས་པ།
-
2012-03-18 -
-
-
༄༅།།རེས་གཟའ་སྤེན་པའི་བོད་ནང་ཞོགས་པ་བོད་རིགས་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་རྐྱེན་འདས་སྐུ་ཕུང་བཞུགས་འབུལ་སྐབས་སེར་སྐྱ་མང་ཚོགས་༧༠༠༠ལྷག་འདུ་འཛོམས་ཀྱིས་མྱང་དང་གདུང་སེམས་མཉམ་བསྐྱེད་གྱི་རྣམ་པ་ཆེན་པོ་བཏོང་ནས་བོད་མི་དང་རྒྱའི་དབར་འཁོན་འཛིན་གྱི་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་པརེད།
དགུང་གྲངས་བཞི་བཅུ་ཞེ་བཞི་ལ་ཕེབས་པ་རེབ་གོང་ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་ཉེ་འགྲམ་གཞུང་ལམ་སྟེང་དུ་རང་ལུས་མེར་བསྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་བཞིན་མང་ཚོགས་ཀྱིས་དངོས་སུ་མཐོང་ཡོད་རེད། ཁོང་གི་ཕུང་པོ་ཞུགས་འབུལ་སྐབས་དེར་ས་གནས་མང་ཚོགས་ཚོས་མ་ཎི་འདོན་པ་དང་ངུ་འབོད་བྱེད་བཞིན་སྐུ་ཕུང་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་གདན་འདྲེན་ཞུས་ཏེ་མི་མང་འདུ་འཛོམས་ཐོག་སྨོན་ལམ་གསུངས་ཡོད་ཅིང་། ཉེ་འཁོར་གྱི་མང་ཚོགས་འདུ་བཞིན་པའི་སྐབས་དམག་མིས་བཀག་འགོག་བྱས་ཡོད་ཀྱང་མང་ཚོགས་ཚོས་རྣམ་འགྱུར་མི་ལེགས་པ་བསྟན་སྟབས་ཕྱིར་འཐེན་བྱས་འདུག དེ་ནས་དགོན་པའི་རྒྱབ་རིའི་ངོས་ཀྱི་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་འདྲེན་ཞུས་ཏེ། རོང་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་བཅས་ཀྱིས་སྨོན་ལམ་གསུང་བཞིན་སྐུ་ཕུང་ཞུགས་འབུལ་ཞུས་གནང་ཡོད་རེད། དེ་རིང་གནས་ཚུལ་གསར་པ་ཐོན་པར་གཞིགས་ན། ད་ཆ་ས་གནས་སུ་དམ་བསྒྲགས་ཆེ་བའི་དབང་གིས་བོད་མི་ཚོས་ཕྱི་ཕྱོགས་སུ་ཁ་པར་གཏོང་རྒྱུ་དང་ལེན་རྒྱུར་ཡང་འཇིགས་སྣང་བྱེད་ཀྱི་ཡོད་འདུག ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་ཁ་པར་བརྒྱུད་སྐད་ཆ་འདྲི་སྐབས་ཁ་སྐབས་བདེ་པོ་མེད་ལུགས་བརྗོད་དེ་ལན་འདེབས་བྱེད་མཁན་ཧང་ཅང་དཀོན་པོ་ཡོད་སྐོར་ཕ་རནྶེ་གསར་འགོད་པ་ཞིག་གིས་གནས་སྤེལ་འདུག།