འབུམ་སྡེ་ལ་དང་རྟ་དབང་ཁུལ་གྱི་སློབ་གྲྭ་དགོན་སྡེ་ཁག་ནང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་འཆར་སྤེལ་བཞིན་འདུག

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཐོག་འབུམ་སྡེ་ལ་དང་རྟ་དབང་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་འཆར་སྤེལ་རྒྱུ་ཡིན་འདུག

འབུམ་སྡེ་ལ་དང་རྟ་དབང་ཁུལ་གྱི་སློབ་གྲྭ་དགོན་སྡེ་ཁག་ནང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་འཆར་སྤེལ་བཞིན་པ། ༡༡།༠༡།༢༠༢༢ མཐུན་འགྱུར་པར་རིས། བཀྲིས་དོན་གྲུབ

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག མོན་རྟ་དབང་ནང་རྟེན་གཞི་བྱས་པའི་ཀ་ལ་དབང་པོའི་ཚོགས་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་བརྩེའི་སློབ་གསོ་ཆུང་བྱིས་བའི་དུས་ནས་གོང་འཕེལ་གཏོང་ཐབས་ལ་དམིགས་པའི་སཱི་ཤེས་ཡོན་སློབ་གསོ་འམ་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་(Social, Emotional, and Ethical Learning)་བཅས་ཀྱི་ཤེས་ཡོན་སློབ་གཞི་དངོས་སུ་སྦྱོང་བརྡར་དང་འབྲེལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་དང་། མངའ་སྡེའི་ཆོས་རིག་གཙོ་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས། དེ་བཞིན་མངའ་སྡེའི་གཞུང་ཞབས་ལས་བྱེད་དང་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ་དང་མཐོ་སློབ་གཙོས་སློབ་གྲྭ་ཁག་ནང་བསྐྱོད་བཞིན་པའི་སློབ་ཕྲུག་དང་དགེ་རྒན་ལས་བྱེད་བཅས་ཁྱོན་ཚོགས་བཅར་བ་༥༠༠ལྷག་མཉམ་ཞུགས་གནང་ཡོད་པ་རེད། སྦྱོང་བརྡར་ཐོག་དམིགས་གསལ་གཏམ་བཤད་གནང་མཁན་གཙོ་བོ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཧིན་རྡུའི་གསུང་བསྒྱུར་བ་ཀེ་ལཱ་ཤ་ལགས་རྣམ་གཉིས་ཡིན་འདུག་པ་དང་། སྐབས་དེར་མངའ་སྡེའི་ཆོས་རིག་གཙོ་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཀྱིས། ད་ལྟའི་མི་རབས་ཚོའི་ཞན་ཆ་གཙོ་བོ་ནི། སྐད་ཡིག་ཆགས་ཀྱི་ཡོད་པ་ངས་དོ་སྣང་བྱུང་ལ་དེ་རིང་འདི་གར་དགེ་བཤེས་ལྷག་རྡོར་ལགས་དང་ཀེ་ལཱ་ཤ་ལགས་རྣམ་གཉིས་ཕེབས་ཐུབ་པ་དེ་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་དང་། སློབ་ཕྲུག་ཁྱེད་རང་ཚོ་རྟ་དབང་གིས་མ་འོངས་སོན་རྩ་དང་ལས་འགན་ཡང་ཤུགས་ཆེན་པོ་ཞིག་ཡོད་དུས་ཚང་མས་དོན་གཉེར་ཆེན་པོའི་ཐོག་ཁོང་རྣམས་གཉིས་ཀྱི་བཀའ་སློབ་གསན་པ་ཙམ་མིན་པར་ད་རེས་ཀྱི་སྦྱོང་བརྡར་བརྒྱུད་ཁྱེས་རང་ཚོས་སོ་སོའི་སྤྱི་ཚོགས་ལ་ཕན་པའི་ལས་དོན་སྒྲུབ་ཐབས་སུ་འབད་བརྩོན་གནང་དགོས་སྐོར་གསུངས་གནང་སོང་།
འདི་ཚེས་༡ནས་༣བར་ཉིན་གྲངས་གསུམ་རིང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཧིན་རྡུའི་གསུང་བསྒྱུར་བ་ཀེེ་ལཱ་ཤ་ལགས། དེ་བཞིན་མོན་ཡུལ་ནས་ཡིན་པ་སཱི་ཤེས་ཡོན་ཐོག་སློབ་སྦྱོང་དང་སྦྱོང་བརྡར་གནང་མྱོང་མཁན་བློ་བཟང་དབང་མོ་ལགས་བཅས་ཀྱིས། རྟ་དབང་ཁུལ་གྱི་དགོན་སྡེ་ཁག་དང་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ལ་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག


མཛད་སྒོའི་ཐོག་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོས་སཱི་ཤེས་ཡོན་སློབ་གསོའི་གལ་གནད་དང་འགྲོ་བ་མིའི་བཟང་སྤྱོད་སྐོར་གསུང་སྐབས། དེ་བརྒྱུད་ནས་མ་འོངས་པར་ལས་ཀ་ཡག་པོ་རག་རྒྱུ་དང་། དངུལ་མང་པོ་ཐོབ་ཀྱི་རེད་ཅེས་ཞུས་ཀྱི་མེད། དེ་ང་ཚོའི་དམིགས་ཡུལ་མ་རེད། ང་ཚོ་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་དང་བདེ་སྐྱིད་དེ་ཡང་ནང་སེམས་ནས་ཡོང་དགོས་ཀྱི་ཡོད་དུས། ང་ཚོས་སོ་སོའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་དེ་ཡང་དངོས་པོའི་ཆོས་ཉིད་དང་མཐུན་པའི་ཐོག་གནང་དགོས་སྐོར་གསུངས་གནང་སོང་།
ཨ་རིའི་ཨེ་མོ་རི་གཙུག་ལག་སློེབ་གཉེར་ཁང་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཞག་པའི་(SEE Learning)་ངམ་སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་ཅེས་པའི་བསླབ་གཞི་འཛམ་གླིང་ཁྱོན་ནང་ངོ་སྤྲོད་དང་སྦྱོར་བརྡར་སྤྲོད་མཁན་གཙོ་བོ་དེ་ཡིན་ཞིང་། སྤྱི་ལོ་༢༠༡༩ལོར་སློབ་གཞི་དེ་བཞིན་དབུ་འབྱེད་གནང་པ་ནས་བཟུང་ད་བར་འཛམ་གླིང་ཁྱོན་ཡོངས་ནས་ཤེས་ཡོན་སྡེ་ཁག་༥༨༠༠༠ལྷག་མཉམ་ཞུགས་དང་ལས་དོན་སྤེལ་བཞིན་ཡོད་འདུག
དགེ་བཤེས་ལྷག་རྡོར་ལགས་ཀྱིས། སློབ་གཉེར་ཟེར་དུས་ཤེས་ཡོན་གཅིག་པོར་མིན་པ་དང་། ཤེས་བྱ་ཡོན་ཏན་ལྡན་པ་ཟེར་དུས་ཡི་གེ་བྲིས་ཀློག་ཐུབ་པ་དང་ཡིག་རྒྱུགས་སྐབས་བརྒྱ་ཆ་ཡག་པོ་ལོན་པ་ཙམ་མིན་པར་གཙོ་ཆེ་ཤོས་ཤེས་ཡོན་ཟེར་དུས་ལུས་ངག་ཡིད་གསུམ་གི་སྒོ་ནས་དར་ཞིང་རྒྱས་པ་དང་གཞན་ཕན་གྱི་བསམ་པ་དང་། ནམ་རྒྱུན་དུ་ནས་བདེ་སྐྱིད་ལྡན་པ་ཞིག་དང་མི་དྲང་བདེན་ཞིག་དགོས་བ་རེད་ཅེས་གསུངས་སོང་།
ད་རེས་ཀྱི་ལས་འཆར་དེ་བཞིན་ཨ་རུ་ན་ཅལ་མངའ་སྡེ་གཞུང་ཕྱོགས་ནས་གོ་སྒྲིག་ཞུས་པ་ཞིག་དང་། མོན་ཡུལ་དེ་བཞིན་བོད་དང་ས་འབྲེལ་ཡིན་པ་མ་ཟད་ཆོས་དང་རིག་གཞུང་སྐད་ཡིག་སོགས་བོད་དང་གཅིག་མཚུངས་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་གངས་ཅན་ལྗོངས་ཀྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡུལ་མི་རྣམས་ནང་ཆོས་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་དུས། མངའ་སྡེའི་བློན་ཆེན་དབུས་པས་ས་གནས་ཀྱི་གནད་ཡོད་མི་སྣ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུའི་ཆེད་དུ། སེམས་ཤུགས་དང་དེའི་ནང་ནས་གཅིག་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་བརྩེའི་སློབ་གསོ་ཆུང་བྱིས་བའི་དུས་ནས་གོང་འཕེལ་གཏོང་ཐབས་ལ་དམིགས་སྟེ་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་འཆར་དེ་ཆགས་ཀྱི་ཡོད་དུས་ད་རེས་ཀྱི་སྦྱོང་བརྡར་དེ་གོ་སྒྲིག་ཞུས་པ་ཞིག་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org