ཁམས་རྟའུ་རྫོང་དུ་རྒྱལ་གཅེས་ཆོས་གཅོས་ཀྱི་ལས་འགུལ་སྤེལ་བ།
རྟའུ་ཁུལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད།རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པའི་སྐོར།
-
2012-04-28 -
-
-
༄༅༎ཁམས་རྟའུ་རྫོང་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་སྐྱེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པའི་རྐྱེན་གྱིས་ས་གནས་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པའི་སྐོར། ས་གནས་དེ་ནས་རྒྱ་གར་དུ་ཕེབས་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་བསོད་ནམས་དབང་བསྡུས་ལགས་སུ་འགྲེལ་བརྗོད་གནང་འདུག
གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་བར་གཞིགས་ན། ཁམས་རྟའུ་ས་གནས་ནང་ རྒྱ་ནག་གཞུང་ཕྱོགས་ནས་ས་གནས་མི་མང་ཚོར་བྱེད་མི་ཆོག་པའི་དོན་ཚན་ལྔ་བཏོན་ནས། དོན་ཚན་ལྔ་པོ་དེ་ནི། ཕྱི་ཟླ་དྲུག་པའི་ཚེས་༧ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་ སང་གཏོང་བར་འགྲོ་མི་ཆོག་པ། དགེ་འདུན་དང་བཙུན་མ་ཚོར་རོགས་རམ་བྱ་མི་ཆོག་པ། བྲག་གོ་ཁུལ་དུ་ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་མཁན་ཚོར་རོགས་རམ་བྱེད་པར་བསྐྱོད་མི་ཆོག་པ་དང་། དེའི་སྔོན་ཏའུ་ཁུལ་གྱི་ས་གནས་དང་དགོན་སྡེ་ཁག་ནས་མི་དྲག་གྲས་བརྒྱད་ཙམ་འདེམས་ནས་ཁོང་ཚོས་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གྲོང་ཚོའི་ནང་མཚོན་ཆ་འཁྱེར་མཁན་ཡོད་མེད་བོད་ཆས་གྱོན་ཡོད་མེད་ལྟ་རྟོག་བྱེད་ཀྱི་ཡོད་པ་དེ་མཚམས་འཇོག་དགོས་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལེན་པར་ཡོང་དགོས་པ་སོགས་ཡིན་ཞིང་། གཟའ་འཁོར་གཅིག་རིང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་དེ་སྤེལ་བའི་སྐབས། བཙོན་ཁང་ལྟ་བུའི་ནང་བཅུག་ནས་རང་ཉིད་ཀྱི་བཟའ་ཆས་རང་གིས་འཁྱེར་དགོས་པ་དང་། དེའི་རིང་ངལ་རྩོལ་སྐུལ་བ་དང་། གུང་ཁྲན་ཏང་མེད་ཚེ་རྒྱ་ནག་གསར་པ་མེད་ཟེར་བའི་གླུ་གཞས་སོགས་གཏོང་བཅུག་གི་ཡོད་པ་དང་། རྟའུ་རྫོང་ས་གནས་ཀྱི་མི་སེར་མང་ཆེ་བར་གོང་ཞུས་དོན་ཚན་ལྔ་དང་འབྲེལ་བ་ཡོད་ལུགས་བརྗོད་ནས། གཟའ་འཁོར་གཅིག་རིང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་དེ་རིགས་སྤྲད་ཟིན་ལུགས་དང་། ད་དུང་ཡང་ས་གནས་ནང་གི་རང་ལོ་རྒན་གྲས་ཁག་ཅིག་ལ་ཡང་སློབ་གསོ་སྤྲོད་རྒྱུའི་འཆར་གཞི་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་གསུངས་འདུག།