བོད་མདོ་སྨད་བླ་བྲང་ཁུལ་དུ་དམིགས་བསལ་དམ་བསྒྲཌ

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་ཁུལ་དུ་ཕེབས་གཏན་འཁེལ་ཏེ་ས་གནས་སུ་དམ་བསྒྲགས་ཤུགས་ཆེ།

༄༅༎རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་ཁུལ་དུ་ཕེབས་གཏན་འཁེལ་ཏེ་ས་གནས་སུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

བཙན་བྱོལ་ནང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་གསུམ་པའི་ལས་འཁུར་འགོ་འཛུགས་ཀྱི་དམ་འབུལ་ཞུས་ཡོད་པ་ལྟར་  བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོས་རྟེན་འབྲེལ་ཞུ་རྒྱུར་དོགས་གཞི་ཆེན་པོ་བྱས་ཏེ་དམག་མི་འགྲེམས་འཇོག་དང་སོ་ལྟ་ནན་པོ་བྱས་ཏེ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ ལྷག་པར་དུ་ཨ་མདོ་བླ་བྲང་ཁུལ་དུ་དམ་བསྒྲགས་ཆེན་པོ་བྱས་ནས་ བླ་བྲང་དགོན་པའི་མཐའ་བསྐོར་དུ་ཚན་པ་མི་འདྲ་བ་ཁག་ཁ་ཤས་ཀྱི་ལས་བྱེད་དང་དམག་མི་སོགས་ཡོང་སྟེ་དགོན་པའི་མཐའ་བསྐོར་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་འདུག་པ་དང་ དགེ་འདུན་པ་༡༥༠ཙམ་ལམ་ས་སྲུང་མཁན་དང་ལྟ་རྟོགས་བྱེད་མཁན་སོགས་སུ་བཀོད་སྒྲིག་བྱེད་བཅུག་ཡོད་འདུག་ཅིང་ དེ་ལྟར་དམ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་རིང་མིན་ཟླ་བ་འདིའི་ཚེས་༡༡ཉིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་དངོས་སུ་བླ་བྲང་དུ་འབྱོར་གཏན་འཁེལ་ཡོད་གནས་དང་ པན་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་སོགས་སུ་ལྟ་སྐོར་རྗེས་རྔ་པ་ས་ཁུལ་ཛམ་ཐང་རྫོང་ཁོངས་སུའང་ དགོན་པ་ཞིག་ནས་གདན་ཞུ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ན་ཡང་  ས་གནས་མང་ཚོགས་དང་དགོན་པ་དེའི་དགེ་འདུན་པས་དེ་ཙམ་འདོད་མོས་མ་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་གྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org