རྒྱ་གར་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ཡིན་པ།
རྒྱ་གར་དེ་བཞིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ཡིན་ལུགས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་ནས་གསུངས་འདུག
-
2009-07-14 -
-
-
༄༅༎དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་རྒྱ་གར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ཡིན་ལུགས་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་ཡིས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ལ་གསུངས་འདུག
རྒྱ་གར་ནི་འཛམ་གླིང་གི་མང་གཙོའི་ལམ་སྲོལ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་སྤྱིའི་གལ་གནད་ཆེ་བའི་ཐག་གཅོད་ནང་རྒྱ་གར་བཞུགས་གནང་རྒྱུ་གལ་གནད་ཆེན་པོ་ཡོད་པའི་སྐོར་ཕེ་རན་སིའི་སྲིད་འཛིན་གྱིས་མུ་མཐུད་གསུངས་གནང་འདུག
རྒྱ་གར་གྱི་སྲིད་བློན་མཆོག་ཕེ་རན་སིའི་རྒྱལ་སྟོན་ཉིན་མོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཕེབས་ཡོད་པ་རེད། ཉེ་ལམ་བཟོ་ལས་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་སུ་རྒྱ་གར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་འཇུག་དགོས་པའི་རྒྱབ་གཉེར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་གནང་ཡོད་ཅིང་རྒྱ་གར་དང་ཕེ་རན་སི་ཡུལ་གཉིས་ཀྱི་དབར་རྡུལ་ཕྲན་ནུས་ཤུགས་ཚོང་འབྲེལ་བྱ་རྒྱུའི་གྲོས་མཐུན་ཞིག་ཀྱང་འཇོག་ཐུབ་ཡོད་པ་རེད། ཕྱོགས་མཚུངས་བཟོ་ལས་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་སུ་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱ་དཀར་ནག་གཉིས་དང་སྦེ་རེ་ཛིལ་བཅས་ལྷན་བཞུགས་མེད་པར་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱིས་འཛམ་གླིང་གིདཀའ་རྙོག་མཐའ་དག་སེལ་ཐུབ་པའི་བསམ་བློ་ནི་རློམ་སེམས་ཅན་ཞིག་རེད་ཅེས་གསུངས་ཡོད་པ་རེད།
དེ་སྔོན་རྒྱ་གར་སྤྱིམཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོའི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛོ་མཆོག་གདན་ཞུས་གནང་བ་ལྟར་ད་ལམ་རྒྱ་གར་གྱི་སྲིད་བློན་ཕེ་རན་སིའི་རྒྱལ་སྟོན་ཉིན་མོར་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ཡིན་པ་རེད༎