ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་ཨ་རི་ནས་དགོངས་པ་རྫོགས་པ།
དཔལ་༧ས་སྐྱ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ་ཐུགས་དམ་བཞུགས་བཞིན་པ་རེད།
-
2016-05-04 -
-
-
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཟླ་༤་ཚེས་༢༩་ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་༨་པ་ཙམ་ལ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་མཆོག་དགུངས་གྲངས་༨༨ཐོག་ཨ་རིར་སྐུ་ཞིང་དུ་གཤེགས་ཡོད་པ་དང་། ད་ལྟ་སྐུ་ཐུགས་དམ་དུ་བཞུགས་ཡོད་འདུག།
ཁ་ས་ཚེས་༣་ཉིན་དཔལ་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། བརྩེ་ཆེན་རྒྱལ་བའི་རིང་ལུགས་འཛིན་པའི་རང་རིགས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་ཆོས་སྡེ་རྣམས་དང་། ཕྱི་རྒྱལ་ཆོས་ཚོགས་ཁག། ཆོས་བརྒྱུད་མི་དམངས་རྣམས་བཅས་ཐུན་མོང་ལ། ད་ལམ་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་ཞུ་རྒྱུ་ཞིག་ལ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་མཆོག་དགུང་ན་མཐོ་བོར་ཕེབས་པའི་ཁར་ཁ་སྔོན་ནས་སྐུ་ཁམས་སྙུན་མནར་གྱིས་འཕྲོད་བཞེས་ཇི་ལྟར་མཛད་ཀྱང་དྭངས་སྐྱེད་ཆེར་མ་བཞེས་སྟབས་ངོས་རང་ཨ་རིར་ངོ་བསྐྱོད་ཀྱིས་ལྷོད་མཇལ་ཐོག་འཆི་མེད་བླ་མ་ཞི་ཁྲོའི་སྒོ་ནས་བརྟན་བཞུགས་ཟབ་འབུལ་ཞུས་པར་དགྱེས་ཚོར་ཆེན་པོ་བྱུང་བ་མ་ཟད། སྐུ་ཁམས་ཀྱང་དྭངས་སྐྱེད་ཅུང་ཟད་བྱུང་རུང་། ད་ལམ་ཕྱི་ཟླ་༤་ཚེས་༢༩་ཨ་རིའི་ནུབ་མཐའི་ཕྱི་དྲོའི་ཆུ་ཚོད་༨་དང་སྐར་མ་༡༥་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པ་དང་། ད་ལྟ་ཐུགས་དམ་ངོ་མཚར་ཅན་མཇལ་བ་ཙམ་གྱིས་དད་གསུམ་དབང་མེད་དུ་འཕྲོ་བ་ཞིག་བཞུགས་བཞིན་པ་ནས། ངོས་རང་ད་ལྟ་ཡང་ཨ་རིར་ཡོད་བཞིན་པ་བཅས་མ་བསྒྲིགས་ལྷུན་འགྲུབ་དམ་ཚིག་གཙང་མའི་དགེ་མཚན་མངོན་དུ་གྱུར་པ་ཡིན་ན། དེང་སྐབས་སྐུ་གདུང་མདུན་མཆོད་འབུལ་ཞུ་བཞིན་པ་དང་། ཁྱེད་རྣམས་ནས་ཀྱང་མགོན་པོ་གང་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་། ཡང་སྲིད་འཁྲུལ་བྲལ་དྲི་མེད་འཁོན་གདུང་དུ་མྱུར་དུ་བྱོན་ནས་སྔར་བཞིན་བསྟན་འགྲོ་སྤྱི་དང་ཕྱེ་བྲག་གི་དཔལ་དུ་གྱུར་བའི་དགོངས་རྫོགས་མཆོད་འབུལ་ཐུགས་སྨོན་གང་ཟབ་གནང་སྐྱོང་ཡོད་པ་ཞུ་ཞེས་འཁོད་འདུག།
ད་ལྟ་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གདུང་སྲས་རྣམ་པ་དང་། མཁན་བླ་འདུས་མང་ནས་མདུན་མཆོད་འབུལ་བཞིན་པ་དང་། ཐུགས་དམ་གྲོལ་མཚམས་སྐུ་གདུང་བཞུགས་འབུལ་གནང་འཆར་ཡོད་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།