དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་ལྟར་ཁྲི་འཛིན་ཞེ་གསུམ་པ་གསེར་ཁྲིར་མངའ་གསོལ་ཞུས་འདུག

ས་སྐྱའི་འཁོན་གདུང་གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་གསེར་ཁྲིར་མངའ་གསོལ་ཞུས་སོང་།

དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་ལྟར་ཁྲི་འཛིན་ཞེ་གསུམ་པ་གསེར་ཁྲིར་མངའ་གསོལ་ཞུས་སྐབས། ༠༣།༡༧།༢༠༢༢ བློ་བཟང་། /RFA

དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལ་ལེགས་བཅོས་གནང་སྟེ། མཁྱེན་ཡོན་གྱི་ཆ་རྐྱེན་ཐོག་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན་ལོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་རྒྱུའི་ཐུགས་ཐག་བཅད་པ་ལྟར། འདི་ཚེས་༡༦དང་༡༧ཉིན་པུ་རུ་ལ་ཝ་ལའི་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གདུང་སྲས་སྐུ་གཞོན་ཛྙན་བཛྲ་རིན་པོ་ཆེ་མཆོག་ལ་བསྟན་བདག་ཁྲི་པའི་ཕྱག་ཐམ་འབུལ་བཞེས་ཀྱིས་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་གསེར་ཁྲིར་མངའ་གསོལ་ཞུས་སོང་།
དེ་ནས་འཁོན་གདུང་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་གིས་གཙོས་འཁོན་གདུང་ཁག་དང་། དེ་བཞིན་དགོན་སྡེ་དང་ཆོས་ཚོགས། ཚོགས་སྡེ་ཁག་གི་སྐུ་ཚབ། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྐུ་ཚབ་བཅས་ནས་རྟེན་གསུམ་འདེགས་འབུལ་སོགས་ཀྱི་ཁྲི་སྟོན་མཛད་སྒོ་འཚོགས་ཡོད་ལ་སྐབས་དེར་སེར་སྐྱ་ཕོ་མོ་སྟོང་ཚོ་བརྒལ་བ་ས་ཐག་རིང་ཐུང་འདྲ་མིན་ནས་ཕེབས་འདུག
ཐེངས་འདིར་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ནས་སྔོན་གྱི་ཕྱག་སྲོལ་ལྟར་སེར་སྐྱ་མི་མང་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཡོངས་སུ་གྲུབ་རྗེས། ཕྱི་ལུགས་ལྟར་གྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ནས་༧གོང་ས་མཆོག་གི་གསུང་འཕྲིན་སྙན་སྒྲོན་གནང་བ་དང་། གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཁྲི་འཛིན་ལམ་ལུགས་ལེགས་བཅོས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་ལ་བཀའ་སློབ་ཕེབས་ཡོད།
ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ར་ཇིན་དྷིར་མཆོག་གིས། དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་བཅར་རྒྱུ་བྱུང་བ་དེ་དགའ་ཚོར་ཆེན་པོ་བྱུང་། གང་ཡིན་ཟེར་ན་ཆོས་ལ་དམིགས་བསལ་གྱི་བྱིན་རླབས་ཆེན་པོ་ཞིག་ཡོད་པ་མཐོང་གི་ཡོད། དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་ནས་ང་ཚོ་ཚང་མས་ཆོས་ནས་བསྟན་པའི་བསླབ་བྱ་ཁག་ལེན་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་། འཁོན་གདུང་གོང་མ་ཁྲི་འཛིན་ཞེ་གསུམ་པ་ཆེན་པོ་མཆོག་གིས། དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་ཀྱིས་ངོས་ལ་དེ་རིང་འགན་ཆེན་པོ་བསྐུར་བ་ཡིན་དུས་ངས་ངོས་ནས་བླ་མ་གོང་མའི་བཀའ་བཞིན་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།
དེ་ནས་གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་གིས་གསུང་བཤད་དང་བོད་མི་མང་སྤྱི་འཐུས་དང་བཀའ་ཤག་གི་སྐུ་ཚབ་བཅས་ནས་གསུང་འཕྲིན་སྒྲོག་སྦྱངས་དང་གསུང་བཤད་གནང་ཡོད།


གདུང་སྲས་གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་ནི། ཡབ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་ ༡༩༧༩ ཟླ་ ༧ ཚེས་ ༥ ཉིན་ལྡེ་ར་ལྡུན་དུ་སྐུ་འཁྲུངས་ཤིང་། བསྟན་བདག་ཁྲི་པའི་ཐུགས་འགན་བཞེས་པར་དཔལ་ས་སྐྱའི་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་རིམ་པ་གཏན་འབེབས་སློབ་ཚན་གཞིར་བཟུང་ལེགས་ཐོན་ཐོག་གཞུང་ལུགས་ཁག་ལ་གསན་བསམ་དང་། དཔལ་ས་སྐྱའི་ཡབ་ཆོས་གསུང་ངག་རིན་པོ་ཆེའི་མཚོན་པའི་དབང་ལུང་མན་ངག་གལ་ཆེའི་རིགས་གསན་བསམ་དང་། དཔལ་ཀྱཻ་རྡོ་རྗེའི་གཙོས་ཡི་དམ་ཁག་གི་གཞི་བསྙེན་གྲུབ་དགོས་ཀྱི་ཡོད་པ་ལྟར་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་གིས་དེ་དག་ལེགས་གྲུབ་ཐོག་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་དང་། དེ་བཞིན་འཕགས་པ་ཐེབས་རྩ་ཁང་སོགས་གསར་འཛུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org