རྩོད་རྙོག་ཞི་བདེ་ཁྲིམས་མཐུན་ཐོག་སེལ་དགོས་པའི་མོས་མཐུན་བྱུང་བ།
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་བདག་དབང་ཐད་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་དབུ་ཁྲིད་བར་བཀའ་བསྡུར་གནང་བ།
-
2016-02-17 -
-
-
དེ་ཡང་འདི་ཚེས་༡༥ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་དབུ་ཁྲིད་རྣམས་ཀྱིས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་བདག་དབང་ཐད་མ་མཐུན་པའི་གནད་དོན་ཁག་ཞི་འཇམ་དུ་གཏོང་དགོས་ངེས་ཡིན་སྐོར་བཀའ་བསྡུར་གནང་བའི་མཐའ་མར། རྩོད་རྙོག་དེ་བཞིན་ཞི་བདེ་དང་ཁྲིམས་མཐུན་སྒོ་ནས་སེལ་དགོས་པའི་མོས་མཐུན་བྱུང་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ASEANཞེས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས། ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་Sunnylands ཡི་RanchoMirageཞེས་པའི་ནང་ཉིན་གཉིས་རིང་། ཆེས་མཐོའི་ལྷན་ཚོགས་གནང་ཡོད་པ་དང་དེ་ནི་ཨ་རིའི་ནང་ལྷན་ཚོགས་དེ་གོ་སྒྲིག་ཞུས་པ་ཐོག་མ་དེ་ཡིན་ཞིང་། ལྷན་ཚོགས་ཀྱི་ཉིན་མཐའ་མར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ནང་། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི། རྒྱལ་ཁབ་ཆེ་ཆུང་ཡོངས་ཀྱི་ཐོབ་ཐང་དགུང་དུ་འདེགས་རྒྱུ་ཨ་རིའི་ངོས་ནས་དམ་བཅའ་བརྟན་པོ་ཡོད་སྐོར་དང་། དབུ་ཁྲིད་རྣམས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་གི་བདག་དབང་བསྐྱར་རྩོད་དང་། ཨར་ལས་གསར་པ་རྩོད་རྙོག་ཅན་གྱི་ས་ཁུལ་དྲག་པོའི་རྟེན་གཞིར་བཟོ་བཞིན་པ་ཐེ་བའི་གླིང་ཕྲན་གྱི་བདག་དབང་ཐོག་ནས་བྱུང་བའི་དངངས་ཚབས་ཆུང་དུ་གཏོང་ཐབས་ཆེད་གོམ་པ་སྤོ་དགོས་ངེས་ཅན་ཐད་བཀའ་བསྡུར་གནང་བ་ཡིན་ལུགས་དང་། གལ་ཏེ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་མགྲིན་དབྱངས་གཅིག་འགྱུར་དང་། ཆིག་སྒྲིལ་སྒོ་ནས་སྐད་ཆ་གསལ་པོ་བཤད་པ་ཡིན་ན་དེ་ཡིས་བདེ་འཇགས་སྲུང་སྐྱོབ་དང་། གོ་སྐབས། འགྲོ་བ་མིའི་ཆེ་མཐོང་གོང་འཕེལ་གཏོང་རྒྱུར་ཕན་ཐོག་ཡོད་སྐོར་གསུངས་འདུག
ཚོགས་འདུ་ཉིན་དང་པོར་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུ་ཡི་དབུ་ཁྲིད་ལྷན་དུ་དཔལ་འབྱོར་དང་ཚོང་འབྲེལ་སྐོར་བཀའ་བསྡུར་གནང་བའི་རྗེས་སུ། ཨ་རིའི་དཔོན་རིགས་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་གྱི་བདག་དབང་གི་རྩོད་རྙོག་ཐད་གཅིག་འགྱུར་གྱི་ལངས་ཕྱོགས་ཡོང་བའི་ཐུགས་རེ་གནང་ན་ཡང་དེ་ལྟར་བྱུང་མེད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།