ར་ཤི་ཡས་ཨ་རིའི་སྲིད་འཛིན་གསར་པ་དང་མཇལ་འཕྲད་ཡོང་རེ།

ར་ཤི་ཡའི་སྲིད་འཛིན་མཆོག་ནས་ཨ་རིའི་སྲིད་འཛིན་གསར་པ་ཨོ་སྦ་མ་མཆོག་དང་གང་མགྱོགས་མཇལ་འཕྲད་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ།

༄༅༎ར་ཤི་ཡའི་སྲིད་འཛིན་མེརྡ་ལྦེ་ཌེལྦ་མཆོག་ནས་ཨ་མི་རི་ཀའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བའི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གི་སྲིད་འཛིན་གྱི་མཛད་འགན་དངོས་སུ་བཞེས་རྗེས་གང་མགྱོོགས་ཨ་རིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

ཨ་མི་རི་ཀའི་ལས་ཐོག་སྲིད་འཛིན་ཇོརཇེ་སྦུཤི་ཡིས་དབུ་འཁྲིད་པའི་སྲིད་གཞུང་དང་ར་ཤི་ཡ་གཉིས་དབར་ཀོ་སོ་ལྦོ་རྒྱལ་ཁབ་ཀྱི་རང་བཙན་གྱི་གནད་དོན་དང་ཡང་འདི་ལོ་དབྱར་དུས་ར་ཤི་ཡས་ཇོར་ཇི་ཡ་རྒྱལ་ཁབ་ནང་བཙན་འཛུལ་བྱས་པའི་དཀའ་རྙོག་དང་དེ་བཞིན་ཨ་མི་རི་ཀས་ཡུ་རོབ་ཁུལ་དུ་མེ་ཤུགས་འཕུར་མདེལ་གྱི་ཚུར་རྒོལ་འགོག་སྲུང་གི་འཛུགས་བསྐྲུན་ལས་འཆར་སོགས་ལ་རྐྱེན་པས་ར་ཤི་ཡ་དང་ཨ་རིའི་དབར་རྙོག་གླེང་གི་གནད་དོན་ཇེ་མང་ཡོད་པ་རེད། འདི་ལོ་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་ནང་དམང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་སྲིད་འཛིན་དུ་འོས་འདེམས་བྱུང་བའི་རྗེས་ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་ཡིས་སྐུ་ཞབས་ཨོ་སྦ་མ་ལྷན་དུ་འབྲེལ་བ་དམ་ཟབ་གནང་འདོད་ཡོད་པ་དང་གལ་སྲིད་ཨ་རི་ཕྱོགས་ནས་ར་ཤི་ཡའི་ཁེ་ཕན་ཁག་ལ་བསམ་གཞིགས་གནང་ཚེ་ར་ཤི་ཡའི་ངོས་ནས་ཀྱང་དེ་མཚུངས་བཟང་ཕྱོགས་ཀྱི་མཐུན་འབྲེལ་གནང་འདོད་སྐོར་སྔོན་བརྡ་བཏང་ཡོད་པ་རེད། ཁ་ས་ར་ཤི་ཡའི་ཕྱི་སྲིད་བློན་ཆེན་སེར་གེ་ལལྦ་རོལྦ་ཡིས་ཨིན་ཀྲར་ཕེཀསི་ཞེས་པའི་ར་ཤི་ཡའི་གསར་འགྱུར་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་པར་གཞིགས་ན་ར་ཤི་ཡའི་སྲིད་འཛིན་མེརྡ་ལྦེ་རྡེལྦ་དང་སྐུ་ཞབས་ཨོ་སྦ་མ་རྣམ་གཉིས་ནས་ར་ཤི་ཡ་དང་ཨ་རི་གཉིས་དབར་ཕྱོགས་ཕན་ཚུན་གྱི་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་པའི་ལས་དོན་མཉམ་ལས་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་དང་ཟླ་བ་རྗེས་མ་སྐུ་ཞབས་ཨོ་སྦ་མ་མཆོག་ནས་དངོས་སུ་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་མཚམས་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་དབར་ཆེས་མཐོའི་གནས་རིམ་གྱི་ཐོག་ནས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org