རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེར་གཏོང་ཆེད་ཉེན་རྟོག་པར་དྲ་རྒྱའི་འཇབ་རྒོལ་སྦྱོང་བརྡར་སྤྲད་འཆར་ཡོད་པ་གསལ་སྟོན།

བོད་དོན་ཉམ་འབྲེལ་ཞིབ་འཇུག་ཁང་དང་ (Tibet Watch) ཡིས་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་ལས། རྒྱ་ནག་གཞུང་གི་བདག་དབང་ཅན་གྱི་མེ་ཡ་པི་ཁོ་ནག་ཉེས་ཞིབ་འཇུག་ཁང་གིས། བོད་ཕྱི་ནང་གཉིས་སུ་དྲ་ཐོག་བལྟ་ཞིབ་ཀྱི་ནུས་པ་ཇེ་ཆེར་གཏོང་ཆེད། བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་ཉེན་རྟོག་སློབ་གླིང་དྲ་ཐོག་བཙན་འཛུལ་བྱ་ཐབས་ཀྱི་སྦྱོང་བརྡར་སྤྲོད་འཆར་དང་མཉམ། དྲ་ཐོག་ནག་ཉེས་ཞིབ་འཇུག་ཁང་ཞིག་འཛུགས་འཆར་ཡོད་པ་གསལ་སྟོན་བྱས་འདུག

དྲ་རྒྱའི་འཇབ་རྒོལ་གྱི་རྣམ་པ་ཞིག Reuters

ཟླ་ ༤ ཚེས་ ༡༦ ཉིན། བོད་དོན་ཉམ་འབྲེལ་ཞིབ་འཇུག་ཁང་ (Turquoise Roof) དང་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ (Tibet Watch) གཉིས་ཟུང་འབྲེལ་གྱིས་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་ལས། རྒྱ་ནག་གཞུང་གི་བདག་དབང་ཅན་གྱི་མེ་ཡ་པི་ཁོ་ (Meiya Pico) ཞེས་པའི་ནག་ཉེས་ཞིབ་འཇུག་ཁང་གིས། བོད་ཕྱི་ནང་གཉིས་སུ་དྲ་ཐོག་བལྟ་ཞིབ་ཀྱི་ནུས་པ་ཇེ་ཆེར་གཏོང་ཆེད། བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་ཉེན་རྟོག་སློབ་གླིང་ (Tibet Police College) དུ་དྲ་ཐོག་བཙན་འཛུལ་བྱ་ཐབས་ཀྱི་སྦྱོང་བརྡར་སྤྲོད་འཆར་དང་མཉམ། དྲ་ཐོག་ནག་ཉེས་ཞིབ་འཇུག་ཁང་ཞིག་འཛུགས་འཆར་ཡོད་པ་གསལ་སྟོན་བྱས་འདུག

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༧ ཉིན། མེ་ཡ་པི་ཁོ་ (Meiya Pico) ལ་རྒྱ་སྒོར་ས་ཡ་ ༨ ལྷག་གམ་ཨ་སྒོར་ས་ཡ་གཅིག་ལྷག་གི་དྲ་ཐོག་བལྟ་ཞིབ་དང་འབྲེལ་བའི་ལས་གཞི་ལག་བསྟར་བྱ་རྒྱུའི་གོ་སྐབས་ཐོབ་སྟེ། ལྷ་སའི་ཉེན་རྟོག་པར་སྦྱོར་བརྡར་ཆེད་ལས་ཟློས་ཀྱི་ཁོར་ཡུག་བསྐྲུན་པ་དང་། དྲ་ཐོག་ནག་ཉེས་དཔང་རྟགས་འཚོལ་བསྡུ་དང་དབྱེ་ཞིབ་གཉིས་ལ་དམིགས་པའི་ཚོད་ལྟ་ཁང་གཉིས་འཛུགས་བསྐྲུན་བྱ་རྒྱུའི་འགན་འཁུར་ཡོད་པ་བཀོད་ཡོད་ཅིང་། མེ་ཡ་པི་ཁོ་ཡི་ལས་གཞི་དེ་དག་བརྒྱུད། དེ་སྔ་དང་མི་འདྲ་བར་རྒྱ་ནག་གཞུང་གིས་བོད་ནང་དྲ་ཐོག་བལྟ་ཞིབ་དམ་དྲག་ཆེ་རུ་གཏོང་ཆེད། ལས་དོན་རྣམས་ཕྱི་ཕྱོགས་ཚོང་གཉེར་བར་སྤྲོད་རྒྱུའི་ཚབ་ཏུ་ (Public Security Bureau) ཁྱབ་ཁོངས་འོག་གི་ལྷ་ས་གཙོ་བོར་འགྱུར་བའི་ས་གནས་སོ་སོའི་ཉེན་རྟོག་པ་རྣམས་ནས་ཐད་ཀར་དྲ་ཐོག་བཙན་འཛུལ་བྱ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་རེད།

བོད་ནང་དྲ་ཐོག་ཁྲིམས་འགལ་བྱ་སྤྱོད་ལ་མཚོན་ན་བཀག་སྡོམ་གྱི་བརྗོད་གཞི་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དཔར་དང་། བརྙན་ཐུང་རིགས་བཀོད་པའམ་བརྒྱུད་བསྐུར་བྱས་པ་སོགས་དང་། བོད་ཕྱི་ལ་ཡོད་པའི་ནང་མི་སྤུན་ཆེད་དང་འབྲེལ་བ་བྱེད་པ་ལྟ་བུའི་ཉིན་རེའི་བྱ་སྤྱོད་དཀྱུས་མ་རྣམས་ཁྲིམས་འགལ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསལ་སྟོན་གནང་ཡོད་པ་རེད།

བོད་དོན་ཉམ་འབྲེལ་ཞིབ་འཇུག་ཁང་དང་ (Tibet Watch) གཉིས་ཀྱིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་། མེ་ཡ་པི་ཁོ་ (Meiya Pico) ཞེས་པ་དེས་འཛམ་གླིང་ཡུལ་གྲུ་གང་སར་གྱར་བའི་བོད་མི་ཚོར་དྲ་ཐོག་བལྟ་ཞིབ་ཀྱི་མཐུན་འགྱུར་བྱས་པའི་ཐོག རྒྱ་ནག་གཞུང་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་པར་རམ་འདེགས་བྱེད་བཞིན་ཡོད་ཅིང་། དེ་ཡང་ཝེཊ་ནམ་ལ་སོགས་པའི་མེ་ཡ་པི་ཁོ་ཚོང་གཉེར་བྱ་ཡུལ་གྱི་རྒྱལ་ཁབ་ཚང་མའི་ནང་རྒྱ་ནག་གཞུང་གི་བདེ་འཇགས་ལྷན་ཁང་དང་ཟུང་འབྲེལ་གྱིས། བོད་མི་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ལམ་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་ནང་སྐུ་གཤེགས་པར་ཝེཊ་ནམ་གྱིས་རྒྱ་གཞུང་བདེ་འཇགས་ལས་ཁུངས་གི་མི་སྣ་དང་མཉམ་རུབ་ཐོག རྒྱ་ནག་གཞུང་གི་བཀའ་སྲུང་སྤྱི་སྒྲུབ་བྱེད་བཞིན་ཡོད་པའི་དཔེ་མཚོན་ཞིག་ཡིན་པ་ཐེར་འདོན་གནང་འདུག

མེ་ཡ་པི་ཁོ་ (Meiya Pico) ཞེས་པའི་ནག་ཉེས་ཞིབ་འཇུག་ཁང་དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་རང་དབང་ཅན་གྱི་ངོ་བོའི་ཐོག་གསར་འཛུགས་བྱས་འདུག་ཀྱང་། ད་ཆ་གཞུང་གིས་བདག་གཉེར་བྱེད་ཅིང་ཚོགས་པ་དེ་བཞིན་རྒྱ་གཞུང་གི་མི་མང་ལ་དྲ་ཐོག་བལྟ་ཞིབ་ལས་རིགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད་འདུག མ་ཟད་ད་ཆ་མེ་ཡ་པི་ཁོ་ཡིས་དེ་འབྲེལ་མཉེན་ཆས་ཡོངས་རྫོགས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བརྒྱུད། རྒྱ་ནག་གི་ཉན་རྟོག་པ་རྣམས་ལ། མི་སྒེར་རེ་རེའི་ཁ་པར་ནས་འབྲེལ་གཏུག་བྱེད་པའི་ལོ་རྒྱུས། བརྡ་འཕྲིན། པར་རིས་དངབརྙན་འཕྲིན། ད་ལྟ་ས་གནས་གང་དུ་ཡོད་མིན་སོགས་གནས་ཚུལ་མཁོ་སྒྲུབ་ཐུབ་སླ་བ་བཟོས་ཡོད་འདུག

གནད་དོན་དེ་འབྲེལ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་པ་རྣམས་ཀྱིས། ཉེན་རྟོག་པ་རྣམས་ལ་ཁྲིམས་ཐོག་གི་བཀའ་རྒྱ་གང་ཡང་མེད་པར། སྣང་བ་གང་དྲན་ཐོག་མཉེན་ཆས་དེ་བཞིན་བཀོལ་སྤྱོད་བརྒྱུད། བོད་མི་དཀྱུས་མ་རྣམས་ཀྱི་སྒེར་གྱི་དྲ་རྒྱ་དང་གནས་ཚུལ་རྣམས་ལ་ཞིབ་བཤེར་མགྱོགས་མྱུར་དུ་བྱ་ཐབས་སྤེལ་བཞིན་ཡོད་པའི་ཐད་སེམས་ཚབས་གསལ་སྟོན་གནང་བཞིན་ཡོད་པ་རེད།

གཞན་ཡང་ཕྱི་ལོ་ ༢༠༡༩ ལོར་ཨ་རི་གཞུང་ངོས་ནས་མེ་ཡ་པི་ཁོ་ཡིས་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེན་གཏོང་ཡོད་པའི་ཉེས་མིང་འོག་བཀག་སྡོམ་བྱས་ཡོད་པ་རེད་འདུག

སྙན་ཐོ་དེའི་མཇུག་ཏུ། རྒྱ་ནག་གཞུང་གི་ཞི་རྒྱ་ཆེ་བའི་དྲ་རྒྱའི་བཙན་འཛུལ་གྱི་སྲིད་བྱུས་དེ་ནི། བོད་མི་རྣམས་ཀྱི་སེམས་ཁམས་ལ་གནོད་འཚེ་ཆེ་བ་དང་། བོད་པའི་སྤྱི་ཚོགས་ནང་ཁུལ་དུ་ཡིད་ཆེས་ཇེ་ཞན་དུ་འགྲོ་བ། དེ་མིན་བོད་མི་ཚོས་བོད་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་དང་བསམ་བློ་སོགས་ལའང་དོ་ཕོག་ཆེན་པོ་བྱུང་ངེས་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་དྲ་ཐོག་རང་དབང་ལ་སྲུང་སྐྱོབ་དང་དོ་སྣང་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ལོ་ ༢༠༢༤ ནང་། དྲ་རྒྱ་བདེ་འཇགས་ཚོང་གཉེར་བ་ (i-Soon) ཡི་ཕྱི་གྱར་ཤོར་བའི་ཡིག་ཆའི་ནང་། ཚོང་གཉེར་བ་དེས་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་རྒྱ་གཞུང་དཔོན་རིགས་དང་རྒྱ་མིའི་བཅིངས་བཀྲོལ་དམག་མི་ཡི་ལས་དོན་སྒྲུབ་ཡོད་པ་དང་། རྒྱ་ནག་གཞུང་གིས་གསང་མྱུལ་གྱི་དགོས་མཁོ་སྒྲུབ་པར་རྒྱབ་ལྗོངས་སུ་གསང་མྱུལ་གཉེན་ཆས་ཞབས་ཞུའི་ཚོང་(Spyware-as-a-Service) གྱི་ཁོར་ཡུག་རྒྱ་ཆེ་བསྐྲུན་ཡོད་པ་སོགས་གསལ་སྟོན་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org