བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གི་ཉེ་ཆར་མྱོང་ཚོར་སྐོར།

ཉེ་དུས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་ནང་ལྟ་སྐོར་བཀོད་སྒྲིག་དམ་པོའི་ངང་བྱས་ཡོད་པའི་གནས་ཚུལ།

༄༅༎ཉེ་དུས་རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་གདན་ཞུ་བྱས་ནས་བོད་ནང་གི་གནས་སྟངས་ཞི་འཇམ་ཡོད་པ་སྟོན་ཐབས་བྱས་ཡོད་ནའང་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་ཉིན་བཞིའི་རིང་གི་ལྟ་སྐོར་དེ་དག་བཀོད་སྒྲིག་དམ་པོ་བྱས་པའི་རྐྱེན་གྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་བཟོས་ཡོད་པའི་སྐོར་ལྟ་སྐོར་ཚོགས་པ་དེའི་ནང་ཡོད་པའི་གསར་འགོད་པ་ཨེམ་མ་ཡིས་གནས་ཚུལ་སྤེལ་གནང་འདུག

རྒྱ་ནག་གིས་སྔ་ལོ་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་ཚུགས་པའི་རྗེས་རྒྱ་ནག་གི་ས་ཁུལ་ཚང་མའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བཀག་བསྡོམས་མེད་པའི་ཐོག་ནས་ཕེབས་ཆོག་པའི་ཁས་ལེན་བྱས་ཡོད་ནའང་ད་ལྟའི་སྐབས་དེར་དམིགས་བསལ་ཆོག་མཆན་སྤྲད་པའི་ཕྱི་རྒྱལ་བ་རེ་ཟུང་མ་གཏོགས་དེ་མིན་གྱི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སུ་ཞིག་ཀྱང་བོད་ནང་ཡོང་མ་ཆོག་པའི་བཀག་བསྡོམས་བྱེད་བཞིན་ཡོད་པ་རེད།

ཉེ་དུས་བོད་ནང་ལྟ་སྐོར་ལ་ཕེབས་མཁན་ཕྱི་རྒྱལ་གསར་འགོད་པའི་གྲས་སུ་ཡོད་པ་རོའུ་ཀྲར་གསར་ལས་ཁང་གི་གསར་འགོད་པ་ཨེམ་མ་གེརེ་ཧེམ་གྱིས་ལྟ་སྐོར་གྱི་འཆར་གཞི་ཚང་མ་གསང་བ་བཞག་པའི་ཐོག་ནས་གྲོང་ཁྱེར་ལྷ་སའི་ནང་གི་ཇོ་ཁང་དང་རྒྱུན་དུ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་སའི་ཕོ་བྲང་དེ་བཞིན་དཔེ་སྟོན་གྲོང་གསེབ་དང་བཟོ་གྲྭ་སོགས་ལ་བལྟ་སྐོར་ཁྲིད་པ་དང་ཉིན་གཅིག་ཧྲིལ་པོ་གསར་འགོད་ལྷན་ཚོགས་ཚུགས་ནས་ཕྱི་རྒྱལ་གསར་འགོད་པ་ཚོར་རང་མོས་ཐོག་ནས་བོད་མི་ཚོའི་དངོས་འབྲེལ་འཚོ་བའི་གནས་སྟངས་ཇི་འདྲ་ཡོད་མེད་བལྟ་ཡག་གི་གོ་སྐབས་རྩ་བ་ནས་སྤྲད་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག

འོན་ཀྱང་གསར་འགོད་པར་ཉིན་གཅིག་བོད་པའི་ཁྲོམ་རྭ་ཞིག་ལ་ཁྱུག་ཙམ་ཕེབས་ཡག་གི་གོ་སྐབས་ཐོབ་གནང་འདུག་པར་ཁོང་ལ་ས་གནས་བོད་མི་ཚོས་གྲོང་ཁྱེར་ལྷ་སའི་ནང་ཟླ་བ་མང་པོ་ནས་ཡོད་བཞིན་པའི་དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་ཡོད་པ་དེ་ཚོ་ཉིན་མ་ཁ་ཤས་རིང་མང་ཚོགས་ཁྲོད་དམག་ཆས་མ་གྱོན་པར་འགྲེམས་འཇོག་བྱས་ཡོད་སྐོར་འགྲེལ་བཤད་བྱས་ཡོད་པ་དང་གླ་གླས་འགྲུལ་འཁོར་གཏོང་མཁན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་མ་ཕེབས་པའི་ཉིན་གཅིག་གོང་གྲོང་ཁྱེར་ལྷ་སའི་ནང་ཞི་འཇམ་ཆགས་པ་ལྟ་བུའི་རྣམ་པ་བཟོས་པ་དེ་ནི་ཡ་མཚན་ཡིན་སྐོར་གསར་འགོད་པ་ཨེམ་མ་ལ་འགྲེལ་བརྗོད་བྱས་བཞག གསར་འགོད་པས་བོད་མི་དཀྱུས་མ་ཚོའི་བསམ་ཚུལ་རྟོག་ཐབས་གནང་འདུག་ཀྱང་དམ་བསྒྲགས་ཆེ་བའི་ཁོར་ཡུག་དེ་ལྟ་བུའི་འོག་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བཤད་གསལ་པོ་རྒྱབ་རྒྱུར་བོད་མི་ཚོས་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་གསར་འགོད་པ་ཨེམ་མ་གེརེ་ཧེམ་ཧེ་རི་སེན་གྱིས་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org