རྒྱ་ནག་གི་ཆབ་སྲིད་བཙོན་པ་གཉིས་གློད་དགྲོལ་ཡོང་ཐབས།
2010.10.07
༄༅༎རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཤའོ་ཕོའུ་དང་ཀའོ་ཀྲི་ཧྲེང་གཉིས་གློད་དགྲོལ་ཡོང་ཐབས་སུ་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གཞུང་ལ་ཁོང་གཉིས་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
དགུང་ལོ་༥༤ཡིན་པའི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་དཔྱོད་མི་མཐུན་པ་ལིའུ་ཤའོ་ཕུའོ་ནི་༢༠༠༨གི་རྩ་འཛིན་ཡིག་ཆ་ཞེས་རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་སྐོར་རྒྱ་རིགས་བརྒྱ་ཕྲག་མང་པོས་མཚན་རྟགས་བཀོད་པའི་ཞུ་ཡིག་གི་རྩོམ་བྲིས་པ་གཙོ་བོའི་གྲས་སུ་ཡོད་པའི་གྱོད་གཞིའི་འོག་ལོ་ངོ་༡༡རིང་ཁྲིམས་ཐོག་ནས་བཙོན་དུས་ཀྱི་ཉེས་ཆད་བཀལ་ཡོད་པ་རེད་ ཡང་རྒྱ་རིགས་ཁྲིམས་རྩོད་པ་ཀའོ་ཁྲི་ཧྲེང་གི་རྒྱ་ནག་ནང་གཞུང་ཕྱོགས་ནས་དམ་བསྒྲགས་བྱེད་པའི་ཡེ་ཤུའི་ཆོས་ཚོགས་དང་ཕ་ལུང་ཀུང་སྒོམ་གྲུབ་ཚོགས་པའི་ཚོགས་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དྲིལ་བསྒྲགས་དང་ རྒྱ་གཞུང་ལ་ཁྲིམས་ཐོག་གྱོད་གཞི་བཙུགས་པའི་རྐྱེན་ཁོ་པ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་
རྒྱ་རིགས་ལིའུ་ཤའོ་ཕུའོ་ནི་འདི་ལོ་༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་མི་གཙོ་བོའི་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ ཁ་ས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཕྱོགས་ལས་གྲུབ་པའི་གྲོས་ཚོགས་ཀྱི་འཐུས་མི་༣༠ཐམ་པས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ལིའུ་ཤའོ་ཕུའོ་དང་ཀའོ་ཁྲི་ཧྲེང་གཉིས་ཀྱི་གནད་དོན་ཐད་ཕྱག་བྲིས་ཤིག་ཕུལ་འདུག་ལ་ ཕྱག་བྲིས་དེའི་ནང་རིང་མིན་ཕྱི་ཟླ་༡༡པའི་ཚེས་༡༡ནས་༡༢་བར་ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་ནང་རྒྱལ་ཁབ་༢༠ལས་གྲུབ་པའི་དཔལ་འབྱོར་གྱི་ལྷན་ཚོགས་སྐབས་སྲིད་འཛིན་མཆོག་ནས་ རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་སྐབས་གོང་གསལ་ཆབ་སྲིད་བཙོན་པ་གཉིས་གང་མགྱོགས་གློད་བཀྲོལ་ཡོང་བའི་འབོད་སྐུལ་ནན་པོ་གནང་དགོས་སྐོར་སྐུལ་ལྕག་གནང་འདུག
གཞན་ཡང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཕྱག་བྲིས་དེའི་ནང་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱེད་མཁན་ཁྲིམས་རྩོད་པའི་ཐོག་གནོན་བཙིར་ཆེན་པོ་སྤྲོད་པའི་གནས་སྟངས་ལ་ཐུགས་འཚབ་དང་ ཨ་རི་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ རྒྱ་ནག་གཞུང་གིས་ཁྲིམས་ལུགས་ལ་བརྩི་མེད་གཏོང་བཞིན་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པ་ཞེས་ནན་སྐུལ་གནང་བཞག ཡང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་ལྕམ་ཨི་ལི་ཡ་ན་རོ་སི་ལེ་ཀྲི་ནེན་གྱིས་ ཨ་རིའི་སྲིད་འཛིན་མཆོག་ལ་ལིའུ་ཤའོ་ཕུའོ་དང་ཀའོ་གཉིས་ཀྱི་གནད་དོན་ཐད་ཟུར་དུ་ཕྱག་བྲིས་ཤིག་ཕུལ་ཏེ་ ཁོང་གཉིས་ཀྱི་སྐོར་སྲིད་འཛིན་མཆོག་ནས་ཐད་ཀར་དོ་འཁུར་བཞེས་ཏེ་རྒྱ་ནག་གི་སྲིད་འཛིན་མཆོག་ལ་གནད་དོན་གླེང་སློང་གནང་ཚེ་ཁོང་གཉིས་བཙོན་བཀྲོལ་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོང་སྲིད་པའི་སྐོར་འབོད་སྐུལ་གནང་འདུག་༎