སྐྱེ་རྒུ་མདོར་སྤུས་ཚད་མི་ལྡན་པའི་ཁང་པ་གསར་རྒྱག
སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་རྒྱ་ནག་གཞུང་གིས་སྤུས་ཚད་ཞན་པའི་ཁང་པ་གསར་རྒྱག་བྱེད་བཞིན་པ།
-
2012-04-29 -
-
-
༄༅༎བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་བའི་རྗེས་བོད་མི་ཚོའི་ས་ཁང་རྩ་གཏོར་ཕྱིན་པ་རྣམས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་སླར་གསོ་སྤུས་ཚད་ལྡན་པ་བྱེད་ཀྱི་མེད་པའི་གླེང་གཞི་ཞིག་ཏུ་གྱུར་ཡོད་པའི་སྐོར་དེ་རིང་གནས་ཚུལ་ཁུངས་ལྡན་འབྱོར་བའི་སྐོར་བཀོད་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཀྱི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༢༠༡༠ ལོར་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་ནས་ད་བར་མི་ལོ་གཉིས་ལྷག་འགྲོ་ཡི་ཡོད་ནའང་རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནོད་འཚེའི་ནང་གནོད་འཚེ་ཕྱིན་པའི་བོད་མིའི་སྡོད་ཁང་གསར་རྒྱག་བྱེད་བཞིན་པ་རྣམས་སྤུས་ཚད་མེད་པའི་ཁར་ཚད་དང་ལྡན་པའི་འཛུགས་སྐྲུན་སླར་གསོ་བྱེད་ཀྱི་མེད་པའི་སྐོར་མི་དམངས་ཁྲོིད་རྩོད་གཞིའི་གླེང་སློང་བྱེད་པ་ལྟར། ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༤ པའི་ཚེས་༡༠ ཉིན་སྐྱེ་རྒུ་མདོར་མང་ཚོགས་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་བཞིན་པའི་ཐོག་རྩེགས་གསུམ་ཅན་གྱི་ཁང་པ་ཞིག་བརྡིབ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་རྒྱ་རིགས་ལས་མི་ལྔ་ཙམ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་ས་གནས་ཀྱི་འབྲེལ་ཡོད་ཚན་པས། དོན་རྐྱེན་དེའི་སྐོར་ཕྱི་ཕྱོགས་སུ་བརྒྱུད་བསྒྲགས་བྱ་མི་ཆོག་པའི་བཀོད་ཁྱབ་བཏང་སྟེ་བཀག་འགོག་བྱས་ཡོད་ཀྱང༌། ས་གནས་དེའི་ཁུལ་གྱི་བོད་རིགས་མང་ཚོགས་རྣམས་ལ་སྡོད་ཁང་དུས་ཐོག་ཏུ་མི་རགས་པའི་དཀའ་ངལ་ཆེན་པོར་ལྷུངས་ཏེ། རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་རྣམས་མི་དམངས་ལ་དུས་ཐོག་ལ་སྤྲོད་ཐུབ་ཀྱི་མེད་པའི་ཁར། སྡོད་ཁང་གསར་རྒྱག་བྱས་ཟིན་པ་རྣམས་ཀྱང་སྤུས་ཚད་དང་རྨང་གཞིའི་འཛུགས་སྐྲུན་བརྟན་པོ་མེད་པའི་གནས་སྟངས་དངོས་སུ་མཐོང་བའི་རྐྱེན་གྱིས་མི་དམངས་རྣམས་བློ་འཚབ་ཆེན་པོར་གནས་ཡོད་པ་རེད།།