རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཉེ་འཁྲིས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱས་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་འབྲེལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཉེ་འཁྲིས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ཟིན་ནས་མཐའ་མའི་ཚོད་ལྟ་བྱེད་བཞིན་ཡོད་འདུག
- 2021-06-17
-
-
-
རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ས་འབྲེལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཉེ་འཁྲིས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་ཟིན་ནས་མཐའ་མའི་ཚོད་ལྟ་བྱེད་བཞིན་ཡོད་འདུག
དེ་ཡང་ཕྱི་ཚེས་༡༧་ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་ཀྱི་མཐའ་མཚམས་ས་འབྲེལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཀྲུ་ཀྲིང་ས་གནས་ཀྱི་ཉེ་འཁྲིས་སུ་ཡོད་པའི་ཀོང་པོ་ཉིང་ཁྲི་བར་ མགྱོགས་ཚད་མྱུར་བའི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་མཇུག་སྒྲིལ་ནས། མེ་འཁོར་རི་ལི་འགྲུལ་བཞུད་ཀྱི་མཐའ་མའི་ཚོད་ལྟ་བྱེད་བཞིན་ཡོད་པའི་སྐོར་རྒྱ་ནག་གི་གསར་འགོད་པ་ཞིག་གིས་(Twitter)་དྲ་ལམ་དུ་བཀོད་པའི་གནས་ཚུལ་ལུངས་འདྲེན་བྱས་འདུག
གནས་ཚུལ་ནང་གསལ་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེ་བརྒྱུད་ བོད་ཀྱི་ས་ཕྱོགས་གང་ས་ནས་མཐའ་མཚམས་ས་ཁུལ་དུ། རྒྱ་ནག་གི་བཅིངས་གྲོལ་དམག་མི་དང་། དྲག་པོའི་གོ་ལག་མཚོན་ཆ་འབོར་འདྲེན་སྟབས་བདེ་ཆགས་རྒྱུ་ཡིན་པ་དང་། རིང་ཚད་སྤྱི་ལེ་༤༣༥་ཙམ་ཡོད་པའི་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་དེར་རྒྱ་ནག་གཞུང་གིས་མ་གནས་ཨ་སྒོར་ཐེར་འབུམ་༤་དང་ས་ཡ་༨་ཀྱི་འགྲོ་གྲོན་བཏང་ཡོད་འདུག
ཉེ་ལམ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡི་རམ་ཋཱ་ཀུར་(Jai Ram Thakur)་ལགས་ཀྱིས། བོད་དང་ཐག་ཉེ་བའི་རྒྱ་གར་གི་ས་གནས་ཀི་ནུར་དང་། ལ་ཧོལ་སི་པི་ཏི་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་འཕགས་བོད་ས་མཚམས་དེའི་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བ་དང་། དེ་བཞིན་གསང་ཉུལ་གྱི་ལས་དོན་བྱེད་བཞིན་ཡོད་པ་སོགས་ཀྱི་ཐད་ལ་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།