བོད་སྐྱེ་རྒུ་མདོའི་ས་ཡོམ་རྒྱབ་ཡུལ་གྱི་ས་མིང་སྐོར།
སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་གྱི་ས་ཁུལ་དེར་རྒྱ་ནག་གཞུང་གིས་རྒྱ་སྐད་དུ་མིང་བསྒྱུར་བྱས་ཏེའཛུགས་སྐྲུན་སླར་གསོ་བྱ་འཆར།
-
2011-01-28 -
-
-
༄༅༎སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་གྱི་ས་ཁུལ་དེར་རྒྱ་ནག་གཞུང་གིས་རྒྱ་སྐད་དུ་མིང་བསྒྱུར་བྱས་ཏེ། འཛུགས་སྐྲུན་སླར་གསོ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་བཞག
དེ་ཡང་གསར་ཤོག་དེའི་ཐོག་ལ། བོད་ཀྱི་ཤར་ཕྱོགས་ཁམས་ཁུལ་གྱི་ཡུའུ་ཤུ་ས་ཁུལ་ནང་ན་ནིང་ཕྱི་ཟླ་བཞི་པའི་ནང་ས་ཡོམ་འགུལ་ཚད་༧ དང་གྲངས་ཆུང་༡རྒྱབ་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེ་བྱུང་ཡུལ་དེར། རྒྱ་མིའི་མིང་ཚིག་གསར་པ་བཏགས་ཏེ་འཛུགས་སྐྲུན་སླར་གསོ་གང་མགྱོགས་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གི་གསར་ཤོག་ཐོག་ཐོག་གནས་ཚུལ་སྤེལ་ཡོད་པ་ལུང་འདྲེན་གནང་ཡོད་པ་དང༌། དེ་ཡང་གཟའ་འཁོར་སྔོན་དེར་མཚོ་སྔོན་ཞིང་ཆེན་གྱི་སྲིད་སྐྱོང་པ་ལུའོ་ཧུའེ་ནིང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཡུའུ་ཤུ་ཁུལ་གྱི་འཛུགས་སྐྲུན་སླར་གསོའི་ལས་གཞི་ལག་བསྟར་བྱ་རྒྱུ་དང༌། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་ཅན་དུ་གྱུར་བའི་ལས་དོན་དམིགས་ཚད་འཛིན་རྒྱུའི་ཆེད་དུ་ཡུའུ་ཤུ་ས་ཁུལ་དེར་འཕྲལ་སེལ་སན་ཅང་ཡུའན་ཞེས་མིང་འགྱུར་བྱས་ཏེ་ཡུའུ་ཤུ་གྲོང་ཁྱེར་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ལྷག་པར་དུ་ཡུའུ་ཤུ་ཁུལ་དུ་རང་འབྱུང་གྱི་གནོད་འཚེ་བྱུང་བའི་རྗེས། མི་གྲངས་གསུམ་སྟོང་རྐྱེན་འདས་སུ་ཕྱིན་པ་དང༌། མི་དམངས་འབུམ་གཅིག་ལྷག་ལ་སྡོད་ཁྱིམ་མེད་པར་གྱུར་ཡུལ་གྱི་གྱེ་གུ་ས་ཁུལ་དེར་དམིགས་བསལ་རྒྱ་ནག་གཞུང་གིས་ཚོང་ལས་ཀྱི་ལྟེ་གནས་ཤིག་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་ནི། འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་རུང་མིང་ལྦང་ཟེར་བས། གྱེ་གུའུ་ས་ཁུལ་དེའི་ནང་དུ་ཚོང་ལས་དང༌། མགྲོན་ཁང༌སོགས་འཛུགས་སྐྲུན་བྱས་ཏེ། ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་སྐྲུན་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པའི་གནས་ཚུལ་བཤད་ཡོད་པ་རེད། ཡིན་ནའང་བོད་དོན་རྒྱབ་སྐྱོར་བ་ཚོས། ཡུའུ་ཤུ་ས་ཁུལ་དེའི་ནང་བོད་མི་གནས་སྡོད་བྱེད་མཁན་མང་བ་ཡོད་པ་མ་ཟད། རང་འབྱུང་གི་གནོད་འཚེའི་ནང་བོད་མི་ཚོར་གྱོང་གུན་ཆེན་པོ་ཐེབས་ཡོད་ཀྱང་འཛུགས་སྐྲུན་སླར་གསོའི་ལས་དོན་ནི་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་ཏེ་བོད་མི་དེའི་ནང་ཐེ་ཇུས་རྩ་བ་ནས་བྱེད་དུ་བཅུག་གི་མེད་པར་བརྟེན་འཛུགས་སྐྲུན་སླར་གསོའི་ལས་གཞི་དེ་ནི་རྒྱ་ནག་གི་འདོད་པ་ལྡན་པ་ལས་བོད་མི་རིགས་ཀྱི་སྒྱུ་རྩལ་གྱི་དྲི་མ་མེད་པར་འགྱུར་རྒྱུ་ཡིན་པ་སྔོན་དཔགས་གནང་གི་ཡོད་པ་རེད།