བོད་ཁམས་དཀར་མཛེས་ལ་མུ་མཐུད་ངོ་རྒོལ་ལས་འགུལ།

བོད་ཀྱི་ཁམས་དཀར་མཛེས་རྗོང་ཐོག་ཏུ་བོད་རིགས་དགེ་འདུན་པ་བཙུན་མ་བདུན་ཙམ་གྱིས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག་

༄༅༎རྒྱ་གཞུང་གིས་དྲག་གནོན་བཙོན་འཇུག་བྱེད་བཞིན་དུ་བོད་ཀྱི་ཁམས་དཀར་མཛེས་རྗོང་ཐོག་ཏུ་བོད་རིགས་ དགེ་འདུན་པ་བཙུན་མ་བདུན་ཙམ་གྱིས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག་། ང་ཚོའི་ཁམས་སྐད་ཀྱི་གསར་འགོད་པ་གསུམ་གྱིས་བོད་ཕྱི་ནང་གཉིས་སུ་འབྲེལ་བ་ཞུས་ནས་གནས་ཚུལ་བཏང་དོན་ལྟར་ན་ ཕྱི་ཟླ་དྲུག་པའི་ཚེས་ ༡༩་ དང་ ༢༠་ སྟེ་ཉིན་གཉིས་ཀྱི་རིང་དུ་བོད་མི་བདུན་ཙམ་གྱིས་མུ་མཐུད་ནས་དཀར་མཛེས་གྲོང་ཁྱེར་གྱི་ས་གནས་གཅིག་ཏུ་དུས་ཚོད་འདྲ་མིན་ཐོག་་སྐད་འབོད་ངོ་རྒོལ་ལས་འགུལ་སྤེལ་གནང་ཡོད་ཅིང་།  ཕྱི་ཚེས་་༡༩་ཉིན་ དཀར་མཛེས་སུ་ཡོད་པའི་དགའ་ལྡན་ཆོས་གླིང་གི་བཙུན་མ་ ཆོས་ཉིད་ལྷ་མོ་ རང་ལོ་ ༢༩་ཙམ་ཡིན་པ་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་གདན་འདྲེན་ཞུ་དགོས་པ་དང་་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་ སྨྲ་བརྗོད་ཀྱི་རང་དབང་དགོས་པའི་སྐད་འབོད་ངོ་རྒོལ་ཤུགས་གནང་འདུག་།  ཨ་ཎི་ཆོས་ཉིད་ལྷ་མོ་ལགས་ནི་ ཕ་བསམ་འགྲུབ་རྒྱ་མཚོ་དང་ མ་ཡེ་ཤེས་ལྷ་མོ་གཉིས་ཀྱི་བུ་མོ་ཡིན་པ་དང་ ཁོང་གིས་སྐད་འབོད་ངོ་རྒོལ་བྱས་ནས་དུས་རིང་མ་འགོར་པར་རྒྱ་ནག་གི་ཉེན་རྟོག་པས་ འཛིན་བཟུང་དམ་བསྒྲཌ་བྱས་ནས་ཉེས་རྡུངས་ཚབས་ཆེ་བཏང་འདུག་།  ཕྱི་ཚེས་ ༢༠་ཉིན་སླར་ཡང་བོད་རིགས་བདུན་ཙམ་གྱིས་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་། ཁོང་རྣམས་ཀྱི་ནང་ནས་མཚན་ཤེས་པ་གཅིག་ནི་ དཀར་མཛེས་མདའ་མདོ་ཤང་་ཛ་མདོ་གྲོང་ནས་ཡིན་པ་ ཨ་ཎི་ཕུར་དགའ་ རང་ལོ་ ༥༠་ ཡིན་པ་ཞིག་དང་ དཀར་མཛེས་དགོན་པའི་དགེ་འདུན་པ་ བློ་དབྱངས་དང་ དེ་ནས་ཡར་སྟོད་ཉ་ཆུ་དགོན་པའི་བཙུན་མ་གསུམ་དང་ གཞན་དགེ་འདུན་པ་གཉིས་བཅས་ཡོད་ཀྱང་ ཁོང་རྣམས་ཀྱི་མིང་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་ཅིང་།  དཀར་མཛེས་རྗོང་ཐོག་ཏུ་ངོ་རྒོལ་བྱེད་མི་རྣམས་རྒྱ་ནག་གིས་དམག་མིས་འཛིན་བཟུང་བྱས་ནས་ཉེས་རྡུངས་ཚབས་ཆེ་བཏང་བ་དང་ ས་ཁུལ་དུ་དམག་མི་སྣུམ་འཁོར་འཕར་མ་བདུན་བཅུ་ཙམ་གསར་དུ་འབྱོར་བ་ཤེས་རྟོགས་བྱུང་ཡོད་ཅིང་། དཀར་མཛེས་ཁུལ་དུ་དགེ་འདུན་པ་དང་བཙུན་མ་གཙོ་བོ་བྱས་པའི་བོད་རིགས་རྣམས་ཀྱིས་ཕྱི་ཟླ་དྲུག་པའི་ཚེས་ ༦་ ནས་འགོ་བཙུགས་ཀྱིས་ཉིན་ལྟར་ངོ་རྒོལ་སྐད་འབོད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org