གསར་འགོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་ཀྱི་འབོད་སྐུལ།
2009.02.11
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་གསར་འགོད་པའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བལྟ་རྟོག་ཚོགས་པས་ཨ་མི་རི་ཀའི་དྲག་པོའི་དམག་དཔུང་གིས་གསར་འགོད་པ་ཚོ་ཁྲིམས་ལུགས་གཞིར་བཟུར་ཁྲིམས་གཏུགས་ཞིབ་བཤེར་མ་བྱས་པར་དུས་ཡུན་ཧ་ཅང་རིང་པོའི་རིང་བཀག་ཉར་བྱེད་པའི་སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་ཚོགས་པའི་འགན་འཛིན་པོའོལ་སི་ཀྲི་གར་ཞུ་བས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ཨ་མི་རི་ཀའི་སྲིད་གཞུང་གསར་པར་འབོད་སྐུལ་གྱི་ཚུལ་དུ་དགོས་འདུན་བཏོན་ཡོད་པ་རེད། ཁོང་གིས་མུ་མཐུད་དེ་ཨ་མི་རི་ཀའི་འདྲ་བའི་གསར་འགོད་པ་དང་གསར་འགོད་ཀྱི་རང་དབང་སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་ཅིག་གིས་གསར་འགོད་པ་དོ་དམ་བཀག་ཉར་བྱེད་པའི་ཉེར་ལེན་ལ་བརྟེན་ནས་མནར་གཅོད་དང་དྲག་རྩུབ་ཅན་གྱི་སྲིད་གཞུང་ཁག་གིས་ཀྱང་ཨ་མི་རི་ཀས་རྩོམ་བཞིན་པའི་སྲིད་བུས་དེ་འདྲ་དང་གཅིག་མཚུངས་ལག་ལེན་བསྟར་གྱི་ཡོག་རེད་ཅེས་པོའོལ་སི་ཀྲི་གར་ཞུ་བས་རྒྱུ་མཚན་འདྲེན་ཡོད་པ་རེད། འཛམ་གླིང་གི་གསར་འགོད་པ་ཚོས་སོ་སོའི་སྲོག་ལ་ཉེན་ཁ་མེད་པ་དང་བཙོན་འཇུག་བྱེད་སྲིད་པའི་འཇིགས་སྣང་མེད་པར་རང་དབང་ངང་གསར་འགོད་དང་སྨྲ་བརྗོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ཨ་མི་རི་ཀའི་གཞུང་གི་ཕྱོགས་ནས་རྒྱབ་སྐྱོར་བྱེད་རྒྱུའི་ལམ་ལུགས་བཟང་པོ་དེ་ཉེ་བའི་ལོ་ཤས་ནང་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུ་ཤིའི་སྲིད་གཞུང་སྐབས་སུ་ལྷོད་གཡེང་ཤོར་བ་རེད། དངོས་འབྲེལ་བྱས་ན་ཨ་མི་རི་ཀས་ག་དུས་ཡིན་ནའང་གསར་འགོད་རང་དབང་གི་ལམ་སྟོན་སྒྲོན་མེ་ནང་བཞིན་མཚོན་ཐབས་བྱས་ཡོག་རེད། དེ་འདྲན་སོང་ཙང་ཨ་མི་རི་ཀའི་སྦ་རཀ་ཨོ་སྦ་མའི་སྲིད་གཞུང་གིས་རྩ་དོན་དེ་དག་ཕྱག་ལེན་འགེལ་རྒྱུའི་ཁས་ལེན་སླར་གསོ་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཀྱི་འདུག་ཅེས་གསར་འགོད་པའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བལྟ་རྟོག་ཚོགས་པའི་འགན་འཛིན་པོའོལ་སི་ཀྲི་གར་ཞུ་བས་ཨ་མི་རི་ཀའི་སྲིད་གཞུང་གསར་པར་འབོད་སྐུལ་ཞུས་ཡོད་པ་རེད།