ཨ་རིའི་སྲིད་འཛིན་ནས་བོད་དོན་གླེང་རྒྱུ།

ཨོ་སྦ་མ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ལྷན་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གླེང་རྒྱུ་ཡིན་འདུག

2012.02.12

༄༅༎ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ཨེ་ཤེ་ཡའི་གནད་དོན་ཐོག་ལ་སློབ་སྟོན་ཕུལ་མཁན་སྐུ་ཞབས་ཌེན་ནི་ས་སེལ་གྱིས། ད་རེས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིན་ཕིང་ཨ་རིར་འཚམས་འདྲི་བྱེད་པའི་རིང་ཨ་རི་གཞུང་གིས་བོད་ནང་གི་ཛ་དྲག་གི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་སྐུ་ཞབས་ཌེན་ནི་ས་སེལ་གྱིས། ཞལ་པར་བརྒྱུད་ནས་གྲོས་མོལ་ཞིག་གནང་བའི་སྐབས་ལ་བོད་དང་ཤིང་ཅང་ནང་དུ་དཀའ་རྙོགས་ཆེ་རུ་འགྲོ་ཡི་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་མ་ཟད། དོ་སྣང་དང་སེམས་འཁུར་ཡང་ཆེན་པོ་ཡོད། ཨ་མེ་རི་ཀས་བོད་དང་ཤིང་ཅང་གི་གནད་དོན་སྐོར་ལ་རྒྱ་ནག་གཞུང་ལ་གླེང་སློང་བྱས་ཡོད་ལ་གོ་སྐབས་བྱུང་ཚད་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བློ་རྒྱ་ཡང་ཙམ་བྱ་དགོས་པ་དང༌། དམིགས་བསལ་བོད་གཙོས་པའི་རྒྱ་ནག་མི་དམངས་ཚོའི་འགྲོ་བ་མིའི་ཐོབ་ཏང་དང་གཞི་རྩའི་རང་དབང་གི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་དེ་ཉིན་གསར་འགོད་པས་བོད་ཀྱི་གནད་དོན་སྐོར་ལ་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས། ཨ་མེ་རི་ཀའི་དམིགས་ཡུལ་གཅིག་ནི། ད་ལྟ་བོད་ནང་དུ་ཛ་དྲག་གི་གནས་སྟངས་དང༌། བོད་མི་ཚོར་སྨྲ་བརྗོད་རང་དབང་དགོས་པ། ཆོས་དད་རང་དབང་དགོས་པ་སོགས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་དག་དུས་རྟག་ཏུ་ཨ་རིའི་ཕྱོགས་ནས་གལ་ཆེར་ངོས་འཛིན་བྱེད་པ་བཞིན་། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིན་ཕིང་ད་རེས་ཨ་རིའི་འཚམས་འདྲི་བྱེད་པའི་རིང་གནད་དོན་དེ་དག་ཐོག་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བཀའ་མོལ་གནང་རྒྱུ་ཡིན་པ་དང༌། དེ་ནི་ང་ཚོིའི་ཕྱོགས་ཀྱི་གྲོས་གཞི་གལ་འགངས་ཆེན་པོ་ཞིག་ཀྱང་ཡིན་པ་མ་ཟད། ཨ་མེ་རི་ཀའི་གཞུང་ཕྱོགས་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིན་ཕིང་དང་གྲོས་མོལ་བྱ་སྐབས་ཨ་རིས་དུས་རྟག་ཏུ་གནད་འགག་ཆེན་པོར་ངོས་འཛིན་བྱེད་པའི་གནད་དོན་དེ་དག་གཡོལ་ཐབས་བྱ་དགོས་དོན་མེད་ཅིང༌། ད་དུང་ཨ་མེ་རི་ཀས་དུས་རྟག་ཏུ་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས་པའི་ལངས་ཕྱོགས་ལ་འགྱུར་བ་མེད་པར་ཡང་སེ་གླེང་སློང་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎