གཞུང་དམངས་གཉིས་ཀྱིས་ཞབས་རིམ་གསོག་སྒྲུབ་གནང་བ།
༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པས་བོད་མི་ཚོའི་ཐུགས་ལྷོད་ལྷོད་གནང་རོགས་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བ།
-
2016-01-27 -
-
-
༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པས་བོད་མི་ཚོའི་ཐུགས་ལྷོད་ལྷོད་གནང་རོགས་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བ།
དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག དེ་རིང་ཚེས་༢༧རེས་གཟའ་ལྷག་པ་ཉིན། ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨན་བཅོས་འཕྲོད་བཞེས་གནང་རྒྱུའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཕྱིར་གཞུང་དམངས་གཉིས་ནས་ཞབས་རིམ་གསོག་སྒྲུབ་ཞུ་ཆེད། སྔ་དྲོའི་ཆུ་ཚོད་༩ནས་ཕྱི་དྲོ་ཚོུད་༤པ་བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ། ཞབས་རིམ་གསོག་སྒྲུབ་གནང་འདུག
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་གསུང་བཤད་གནང་པའི་ནང་། བཞུགས་སྒར་དུ་སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་གནང་གི་ཡོད་པ་བཞིན་བོད་ནང་བོད་མི་ཚོས་སྐུའི་ཞབས་རིམ་སྒྲུབ་བཞིན་པ་དང་། དེ་བཞིན་ཕྱི་རྒྱལ་ཚོགས་པ་ཁག་དང་། བོད་མིའི་གཞིས་ཆགས་ཁག་གི་ནང་དེ་མཚུངས་སྐུའི་བླ་གཟའ་དང་བསྟུན་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་གསལ་འདོན་གནང་པ་སྦྲགས། ཉེ་ཆར་ཨ་རིའི་Mayoསྨན་ཁང་ནང་། ༧གོང་ས་མཆོག་གི་སྐུ་གཟུགས་ཀྱི་གནས་བབས་བརྟག་དཔྱད་གནང་བའི་རྗེས་སུ། སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་མ་ཟད། སྨན་བཅོས་ཀྱང་འཕྲོད་པོ་ཡོད་པ་གསལ་བསྒྲགས་བསྐྱངས་ཡོད་པར་བརྟེན་སྐུའི་འཕྲོད་བསྟེན་ཐད་ལ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཐུགས་ལྷོད་ལྷོད་གནང་རོགས་གནང་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པར། ང་རང་ཚོའི་ངོས་ནས་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར་སྐུའི་ཞབས་རིམ་གསོག་སྒྲུབ་གང་མང་ཞུ་རྒྱུ་དང་། དད་པ་དང་དམ་ཚིག་བརྟན་པོ་བསྲུང་པ་ཡིན་ན་གང་ཉིད་མཆོག་ སྐུ་ཚེ་ཡུན་རིང་བརྟན་རྒྱུ་ངེས་པ་ཡིན། དེར་བརྟེན་ཚང་མས་ཐུགས་སྨོན་གསོལ་འདེབས་གནང་རོགས་གནང་ཞུ་རྒྱུ་ཡིན་ཅེས་ནན་སྐུལ་གནང་འདུག
ཞབས་རིམ་དེའི་ཐོག་རྒྱུད་སྟོད་དབུ་མཛད་བླ་མ་ཐུབ་བསྟན་བསྟན་འཛིན་ལགས་དབུ་བཞུགས་གནང་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་རྣམ་པ། ས་གནས་མི་མང་དང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྐུའི་ཞབས་རིམ་གསོག་སྒྲུབ་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།