པ་ར་ཅན་རྡས་ཀོང་རེསི་ཚོཊ་པར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ།

མའོའི་དམར་ཤོག་ཚོགས་པས་སྣེ་འཁྲིད་པའི་གཞུང་འཛིན་མནའ་འབྲེལ་ཚོགས་པ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་པ།

༄༅༎བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པའི་རྩོད་མེད་འགོ་འཁྲིད་ པརཱ་ཅན་རྡེས། བལ་ཡུལ་གྱི་ཀོང་རེསི་ཚོགས་པར་གནས་སྐབས་བར་མཚམས་ཆད་པའི་བལ་ཡུལ་གྱི་ཞི་བདེའི་ལས་དོན་དང་། དེ་སྔོན་མའོའི་གྱེན་ལོག་གི་ཡུལ་དམག་ཁྲི་ཚོ་འགའ་ཤས་ཡོད་པ་དེ་དག་གི་མདུན་ལམ་འཚོལ་ཐབས་ཆེད་མའོའི་དམར་ཤོག་ཚོགས་པས་སྣེ་འཁྲིད་པའི་གཞུང་འཛིན་མནའ་འབྲེལ་ཚོགས་པ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་འདུག།
བལ་ཡུལ་གྱི་ཀོང་རེསི་ཚོགས་པའི་ཚོགས་གཙོ་གཞོན་པ་རམ་ཅན་རྡར་པའོ་ཌེལ་དང་། མའོའི་དམར་ཤོག་ཚོགས་པའི་འགོ་འཁྲིད་ པརཱ་ཅན་རྡ་རྣམ་གཉིས་མཇལ་འཕྲད་གནང་པ་དང་། སྐབས་དེར་པརཱ ཅན་རྡེས་ བལ་ཡུལ་གྱི་ཕྱོགས་འགལ་ཀོང་རེསི་ཚོགས་པའི་ངོས་ནས་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་མཇུག་བསྒྲིལ་བྱ་རྒྱུ་དང་། ཞི་བདེའི་ལས་དོན་གྱི་འཕྲོ་ལས་མཇུག་སྐྱོང་བྱ་རྒྱུ་བཅས་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་པར། བལ་ཡུལ་གྱི་ཀོང་རེསི་ཚོགས་པའི་ཚོགས་གཞོན་གྱིས་ གལ་ཏེ་མའོའི་དམར་ཤོག་ཚོགས་པའི་ངོས་ནས་ཞི་བདེའི་ལས་དོན་དང་། རྩ་ཁྲིམས་གསར་བཟོའི་ལས་དོན་མདུན་བསྐྱོད་བྱ་རྒྱུར་ཁ་ཞེ་གཉིས་མེད་ཀྱི་ཆོད་སེམས་བརྟན་པོ་ཡོད་ཚེ། ཀོང་རེསི་ཚོགས་པའི་ངོས་ནས་ངེས་པར་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཛོམས་བཀའ་མོལ་གྱི་ཐད་བརྒྱུད་མངའ་ཡོད་པའི་མི་སྣས་འགྲེལ་བརྗོད་བྱས་འདུག།
འོན་ཀྱང་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་ཀོང་རེསི་ཚོགས་པའི་ཚོགས་གཙོ་གཞོན་པས། ཀོང་རིསི་ཚོགས་པའི་རྒྱབ་སྐྱོར་བ་ཁག་གཅིག་གི་འདུ་འཛོམས་སར་གསུང་བཤད་ཅིག་གནང་སྐབས། ཁོང་གིས་ བལ་ཡུལ་གྱི་ཀོང་རེསི་ཚོགས་པའི་ངོས་ནས་ཞི་བདེའི་ལས་དོན་འཕྲོ་སྐྱོང་དང་། རྩ་ཁྲིམས་ཟིན་བྲིས་ཀྱི་ལས་དོན་ལ་ཉེན་ཁ་བཟོ་བའི་གནས་སྟངས་ཇི་འདྲ་ཞིག་ལ་ཡང་རྒྱབ་སྐྱོར་དང་མོས་མཐུན་བྱེད་རྒྱུ་མིན་ཞེས་གསུངས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org